94590
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། རྨོངས་པ་རྣམས་ཀྱི་ཚབས་ཆེ་བ་དང་། ལྟ་བ་རྣམས་ཀྱི་ནང་ནས་མ་རུངས་བ་ཡིན་པ་དང། གྲུབ་མཐའ་རྣམས་ཀྱི་ནང་ནས་ཐ་ཆད་ཡིན་པས་ཐོག་མ་ཉིད་དུ་དགག་པར་རིགས་པས། རིགས་པ་དྲུག་ཅུ་པར། རེ་ཞིག་ཉེས་ཀུན་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱིས། །རིགས་པ་གང་གིས་ཡོད་ཉིད་ཀྱང། །དགག་པར་འགྱུར་པ་མཉན་པར་གྱིས། །ཞེས་གསུངས་པ་ལྟར་དགག་སླ་བ་དང། །ཕལ་ཆེར་དངོས་པོར་སྨྲ་བ་རྣམས་ཀྱིས་བཀག་ཟིན་པ་ལ་དགོངས་ནས་དེ་ཉིད་འགོག་པའི་རིགས་པ་གཞུང་ལས་མང་དུ་མ་གསུངས་མོད་ཀྱང། འོན་ཀྱང་རིགས་པ་དེ་དང་དེ་དག་གིས་འགོག་པའི་ཚུལ་ཕྱོགས་ཙམ་ཞིག་བརྗོད་པར་བྱ་སྟེ། །དེ་ལ་རེ་ཞིག་ཚུ་རོལ་མཛེས་པ་བ་དག་འགྲོ་བའི་རིགས་ལ་མི་དང་དུད་འགྲོ་ལ་སོགས་པ་མཐོང་པ་འདི་ཙམ་ཞིག་ཡོད་ཀྱི་ལྷ་དང་དམྱལ་པ་ལ་སོགས་པ་འགྲོ་བ་གཞན་ནི་མེད་དེ་མ་མཐོང་བའི་ཕྱིར། སྐྱེ་བོ་རྣམས་ཀྱི་སེམས་ཀྱང་ལུས་ཀྱི་སྔ་ཕྱིར་ཡོད་པ་མ་ཡིན་ཏེ། ཆང་དང་མྱོས་པའི་ནུས་པ་ལྟར་ལུས་སེམས་རྫས་གཅིག་པའི་ཕྱིར། དེས་ན་སྐྱེ་བ་སྔ་ཕྱིའང་མེད་དོ་ཞེས་དོན་གྱི་ངོ་བོ་ལ་སྐུར་བ་འདེབས་པ་དེའང་མི་རིགས་ཏེ། འགྲོ་བ་གཞན་ཡོད་ཀྱང་བལྟར་མི་རུང་བ་དེ་འགོག་པའི་རྟགས་མ་ངེས་པའི་ཕྱིར་དང། ལུས་སེམས་འགལ་བའི་ཆོས་དང་ལྡན་པས་སྐྱེ་བ་སྔ་ཕྱི་འགོག་པའི་རྟགས་མ་གྲུབ་པའི་ཕྱིར་ན་སྒྲུབ་བྱེད་མེད་ལ། ད་ལྟར་གྱི་སེམས་ཕྱི་མ་རྣམས་སྔ་མ་ཙམ་ལས་འབྱུང་བར་འཛིན་པའི་མངོན་སུམ་གྱིས་གནོད་པའི་ཕྱིར་རོ། ། ཡང་དཔྱོད་པ་བ་དག་འགྲོ་བ་རྣམས་རྒྱུ་མེད་པ་ཡིན་ཏེ། དངོས་པོ་ཉིད་ཡིན་པའི་ཕྱིར། ཚེར་མའི་རྣོ་བ་བཞིན་ནོ། །ཞེས་རྒྱུ་ལ་སྐུར་བ་འདེབས་པའང་མི་རིགས་ཏེ། རྟགས་ཀྱི་དཔེ་བསྒྲུབ་བྱ་དང་མཚུངས་པས་ཁྱབ་པ་མ་གྲུབ་པའི་ཕྱིར་སྒྲུབ་བྱེད་མེད་ལ། མར་མེ་ལྟར་ཡུལ་དུས་རྣམ་པ་རེས་འགལ་བར་མཐོང་བའི་རྟགས་དང། འབྲས་བུའི་དོན་དུ་འབད་པ་མི་བྱེད་པར་ཐལ་བས་གནོད་པའི་ཕྱིར་རོ། ། ཡང་ཉེས་པ་དང་། ལེགས་པར་སྐྱེད་པའི་འབྲས་བུ་ལ་སྐུར་བ་འདེབས་པ་ཁ་ཅིག་ལམ་བསྒོམས་ཀྱང་ཐར་པ་དང་ཐམས་ཅད་མཁྱེན་པ་མི་འཐོབ་སྟེ་དྲི་མ་སེམས་ཀྱི་རང་བཞིན་ཡིན་པས་སོལ་བའི་ནག་པོ་ལྟར་སྦྱོང་དུ་མི་རུང་བའི་ཕྱིར་དང། རུང་ཡང་ཆུའི་ཚ་བ་ལྟར་རྟེན་མི་བརྟན་པས་འབྱོངས་བའི་དུས་མེད་པ་དང། འབད་པ་ལ་ལྟོས་བས་འབྱོངས་བ་ལྟར་སྦྱངས་ཀྱང་ཕུལ་དུ་མི་འགྲོ་བའི་ཕྱིིར་ཞེས་འབྲས་བུ་ལ་སྐུར་བ་འདེབས་པ་དེ་ཡང་མི་རིགས་ཏེ། རྟགས་དང་པོ་གཉིས་མ་གྲུབ་པ་དང། གསུམ་པ་མ་ངེས་པས་སྒྲུབ་བྱེད་མེད་ལ་སྐྱོན་ཡོན་ཐམས་ཅད་གོམས་པ་ལས་ཁྱད་པར་དུ་འགྱུར་བ་མཐོང་བས་གནོད་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མའི་སྤྱི་དོན་ལས་གསུངས་སོ། ། |
| Domain | ཆོས་ལུགས། |