9463

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟའ་བརྒྱད་ (1)
Part of speech མིང་ཚིག
Definition མཚོན་བྱེད་སྤྲུལ་པའི་རུས་སྦལ་གྱི་ཡན་ལག་རྣམ་བརྒྱད་ལས་བྱུང་བར་གླེང་བའི་གཟའ་བརྒྱད་དེ། དེ་དག་ནི་ཉི་མ་དང་། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། རཱ་ཧུ་ལ་བཅས་ཡིན། གཟའ་དེ་རྣམས་ཀྱི་ཁམས་དང་གནས་སའི་ཕྱོགས་ནི་ཉི་མ་མིག་དམར་མེ་ཁམས་ཡིན་པས་གནས་ཕྱོགས་ལྷོ་དང་། ཟླ་བ་ལྷག་པ་ཆུ་ཁམས་ཡིན་པས་གནས་སའི་ཕྱོགས་བྱང་། པ་སངས་ལྕགས་ཁམས་ཡིན་པས་གནས་པའི་ཕྱོགས་ནུབ། ཕུར་བུ་ཤིང་ཁམས་ཡིན་པས་གནས་སའི་ཕྱོགས་ཤར། སྤེན་པ་ས་ཁམས་ཡིན་པས་གནས་པའི་ཕྱོགས་མཚམས། རཱ་ཧུ་ལ་སྟེ་སྒྲ་གཅན་ནམ་ས་གཞི་རིལ་མོ་འདིར་འབྱུང་བ་ལྔ་ཆ་ཚང་ཡོད་པས་གནས་སའི་ཕྱོགས་ཀྱང་སྤྱི་ཁྱབ་ཡིན། འབྱུང་བ་ལྔ་ཚང་བའི་གཟའ་རཱ་ཧུ་ལའམ་སའི་འཇིག་རྟེན་འདིའི་སྟེང་དུ་སྐྱེ་འགྲོའི་རིགས་དང་སྐྱེས་དངོས་ཐམས་ཅད་འཚར་སྐྱེས་བྱེད་ཐུབ་པས། གཟའ་རྣམས་ཀྱི་ནང་ནས་འདི་ལ་བསོད་ནམས་ཀྱི་གཟའ་ཡང་ཟེར་ཞེས་གསུངས་འདུག གཟའ་དེ་བརྒྱད་ལས་རེས་གཟའ་བདུན་པོ་ཚེས་ལ་འཆར་ཚུལ་ནི། སྟག་རྟ་ཁྱི་གསུམ་སྤེན་པས་ཚེས་པས། ཟླ་བ་དེ་གསུམ་གྱི་ཚེས་གཅིག་ལ་གཟའ་སྤེན་པ་དང་། ཚེས་གཉིས་ལ་གཟའ་ཉི་མ། ཚེས་གསུམ་ལ་གཟའ་ཟླ་བ། ཚེས་བཞི་ལ་གཟའ་མིག་དམར། ཚེས་ལྔ་ལ་གཟའ་ལྷག་པ། ཚེས་དྲུག་ལ་གཟའ་ཕུར་བུ། ཚེས་བདུན་ལ་གཟའ་པ་སངས། ཚེས་བརྒྱད་ལ་གཟའ་སྤེན་པ་བཅས་བྱས་ཏེ་རིམ་བཞིན་དུ་རེས་ཀྱིས་འཁོར་ནས་ཚེས་ལ་འཆར་བ་ཡིན། ཕག་ལུག་ཡོས་གསུམ་ཟླ་བས་ཚེས་པས། ཟླ་བ་དེ་གསུམ་གྱི་ཚེས་གཅིག་ལ་གཟའ་ཟླ་བ་དང་། ཚེས་གཉིས་ལ་གཟའ་མིག་དམར། ཚེས་གསུམ་ལ་གཟའ་ལྷག་པ། ཚེས་བཞི་ལ་གཟའ་ཕུར་བུ། ཚེས་ལྔ་ལ་གཟའ་པ་སངས། ཚེས་དྲུག་ལ་གཟའ་སྤེན་པ། ཚེས་བདུན་ལ་གཟའ་ཉི་མ། ཚེས་བརྒྱད་ལ་གཟའ་ཟླ་བ་བཅས་བྱས་ཏེ་རིམ་བཞིན་དུ་རེས་ཀྱིས་འཁོར་ནས་ཚེས་ལ་འཆར་བ་ཡིན། བྱི་འབྲུག་སྤྲེལ་གསུམ་མིག་དམར་གྱིས་ཚེས་པས། ཟླ་བ་དེ་གསུམ་གྱི་ཚེས་གཅིག་ལ་གཟའ་མིག་དམར་དང་། ཚེས་གཉིས་ལ་གཟའ་ལྷག་པ། ཚེས་གསུམ་ལ་གཟའ་ཕུར་བུ། ཚེས་བཞི་ལ་གཟའ་པ་སངས། ཚེས་ལྔ་ལ་གཟའ་སྤེན་པ། ཚེས་དྲུག་ལ་གཟའ་ཉི་མ། ཚེས་བདུན་ལ་གཟའ་ཟླ་བ། ཚེས་བརྒྱད་ལ་གཟའ་མིག་དམར་བཅས་བྱས་ཏེ་རིམ་བཞིན་དུ་རེས་ཀྱིས་འཁོར་ནས་ཚེས་ལ་འཆར་བ་ཡིན། བྱ་གླང་སྦྲུལ་གསུམ་ཕུར་བུས་ཚེས་པས། ཟླ་བ་དེ་གསུམ་གྱི་ཚེས་གཅིག་ལ་གཟའ་ཕུར་བུ་དང་། ཚེས་གཉིས་ལ་གཟའ་པ་སངས། ཚེས་གསུམ་ལ་གཟའ་སྤེན་པ། ཚེས་བཞི་ལ་གཟའ་ཉི་མ། ཚེས་ལྔ་ལ་གཟའ་ཟླ་བ། ཚེས་དྲུག་ལ་གཟའ་མིག་དམར། ཚེས་བདུན་ལ་གཟའ་ལྷག་པ། ཚེས་བརྒྱད་ལ་གཟའ་ཕུར་བུ་བཅས་བྱས་ཏེ་རིམ་བཞིན་དུ་རེས་ཀྱིས་འཁོར་ནས་ཚེས་ལ་འཆར་བ་ཡིན། རེས་གཟའ་ཚེས་ལ་འཆར་ཚུལ་འདི་ནི་བརྩི་སླ་བའི་གཏན་ལེ་ལྟར་གྱི་རགས་རྩིས་འབྱུང་རྩིས་པའི་ལུགས་ཡིན་ལ། ཞིབ་པ་ནི་ཉི་ཟླའི་འགྲོས་ཀྱི་ཡུན་ཚད་དངོས་དང་བསྟུན་ནས་ཆ་ཤས་ཕྲ་མོའི་བར་དུ་དག་པར་བརྩི་བའི་སྐར་རྩིས་པའི་ལུགས་ལྟར་ཡིན།
Domain རྩིས་རིག