95089

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེ་གནས་ (1)
Part of speech མིང་ཚིག
Definition མི་དང་སེམས་ཅན་གྱི་ཕ་མའི་ས་བོན་སྨིན་ནས་ཕྲུ་གུར་འགྱུར་སའི་མངལ་གྱི་དོན།
Example སྐྱེ་གནས་ཀྱི་སྒོ། ཕྲུ་གུའི་སྐྱེ་གནས་ལྟ་བུ།
སྐྱེ་གནས་ (2)
Part of speech མིང་ཚིག
Definition སྐད་ཆའི་སྒྲ་གདངས་འབྱིན་སའི་གནས་ཀྱི་དོན།
Example སྐྱེ་གནས་ལ་དབྱེ་ན། མགྲིན་པ། སྣ། སྤྱི་བོ། ཁོག་པ། རྐན། ལྕེ། སོ། མཆུ་སྟེ་བརྒྱད་ལྟ་བུ།
Domain སྒྲ་རིག་པ།
སྐྱེ་གནས་ (3)
Part of speech མིང་ཚིག
Definition མདོ། མངོན་པ། ཁམས་གསུམ་པོ་དེར་འགྲོ་བ་ལྔ་པོ་སྐྱེ་བའི་གནས་དེ་ལ་བཞིར་ཡོད་དེ། སྒོང་སྐྱེས་སོགས་བཞི་ཡོད་པའི་ཕྱིར། འགྲོ་བ་གང་ལ་སྐྱེ་གནས་དུ་ཡོད་བཤད་དུ་ཡོད་དེ། མི་དང་དུད་འགྲོ་ལ་སྐྱེ་གནས་བཞི་ཀ་ཡོད། ལྷ་དང་བར་སྲིད་པ་དམྱལ་བ་པ་རྣམས་གང་རུང་ཡིན་ན། རྫུས་སྐྱེས་ཡིན་པས་ཁྱབ། ཡི་དྭགས་ཕལ་ཆེར་རྫུས་སྐྱེས་ཡིན་ཅིང་ཡི་དྭགས་ལ་མངལ་ནས་སྐྱེ་བའང་ཡོད་པའི་ཕྱིར། མི་ལ་རྫུས་སྐྱེས་ཡོད་དེ། སྐལ་པ་དང་པོའི་མི་རྣམས་དང་། སློབ་དཔོན་ཨརྱ་དེ་བ་སོགས་རྫུས་སྐྱེས་ཡིན་པའི་ཕྱིར། མི་ལ་སྒོང་སྐྱེས་ཡོད་དེ། ཚོང་པ་གཟིངས་ཞིག་པ་གཉིས་རྒྱ་མཚོའི་ངོགས་སུ་ཁྲུང་ཁྲུང་མོ་དང་འགྲོགས་པ་ལ་བརྟེན་ནས་ཁྱེའུ་གཉིས་བཙས་པ་ལས་གནས་བརྟན་བྲག་དང་། ཉེ་བའི་བྲག་ཅེས་བྱ་བ་གཉིས་དང་། དགེ་བསྙེན་མ་ས་ག་ལ་སྒོ་ང་སུམ་ཅུ་རྩ་གཉིས་བྱུང་བ་ལས་ཁྱིའུ་སུམ་ཅུ་རྩ་་གཉིས་བྱུང་བ་དང་། རྒྱལ་པོ་ལྔ་ལེན་གྱི་བཙུན་མོ་ལྷ་ཆེན་མོ་ལ་སྒོ་ང་ལྔ་བརྒྱ་སྐྱེས་པ་སྒྲོམ་དུ་བཅུག་ནས་གངྒཱ་ལ་བསྐུར་བ་ལི་ཙ་བྱིའི་རྒྱལ་པོ་བཙུན་མོ་དང་བཅས་པས་སྒྲོམ་དེ་ཆུས་ཁྱེར་བ་མཐོང་ནས་གཡེངས་པས་དེའི་ནང་ནས་ཁྱེའུ་ལྔ་བརྒྱ་བྱུང་བ་རྣམས་སྒོང་སྐྱེས་ཡིན་པའི་ཕྱིར། མངལ་སྐྱེས་ཡོད་དེ། ད་ལྟར་གྱི་མི་རྣམས་མངལ་སྐྱེས་ཡིན་པའི་ཕྱིར། མི་ལ་དྲོད་གཤེར་སྐྱེས་ཡོད་དེ། རྒྱལ་པོ་བསྙེན་གནས་པའི་སྤྱི་བོར་འབུར་པོ་ཞིག་བྱུང་བ་དེ་སྨིན་ཏེ་བརྡོལ་བ་ལས་རྒྱལ་པོ་ང་ལས་ནུ་བ་སྐྱེས་སོ། །དེའི་པུས་མོ་གཉིས་ཀྱི་སྟེང་དུ་འབུར་འབུར་པོ་རེ་བྱུང་སྟེ་སྨིན་པ་ལས་སྐྱེས་པ་ནི་མཛེས་པ་དང་ཉེ་མཛེས་སོ། རྒྱལ་པོ་ཚངས་བྱིན་གྱི་བྲང་ནས་སྐྱེས་པའི་བུ་མོ་ཐི་བའི་འཕྲེང་བ་ཅན་མ་དང་། ཆུ་ཤིང་གི་སྡོང་པོ་ལས་སྐྱེས་པ་ཨ་མྲ་སྐྱོང་མ་རྣམས་དྲོད་གཤེར་སྐྱེས་པ་ཡིན་པའི་ཕྱིར། དུད་འགྲོ་ལའང་སྐྱེས་གནས་བཞི་ཀ་ཡོད་དེ། གཞན་གསུམ་ནི་སྣང་བ་ལྟར་ཡིན་ལ། ཀླུ་དང་འདབ་བཟང་དུ་གྱུར་པའི་རྫུས་སྐྱེས་ཡོད་པའི་ཕྱིར་ཏེ། གདགས་པའི་བསྟན་བཅོས་ལས། སྟོང་སྤྱི་པུད་ཀྱི་འཇིག་རྟེན་གྱི་ཁམས་ན་ཀླུའི་རིགས་བཞི་སྟོང་རྒྱ་མཚོ་ཆེན་པོ་ན་གནས་སོ། ནམ་མཁའ་ལྡིང་གི་རིགས་བཞི་སྟོང་ཤིང་ཤལ་མ་ལི་མཐོན་པོ་ལ་གནས་ཏེ། སྒོ་ང་ལས་སྐྱེས་པ་སྟོང་དང་མངལ་ལས་སྐྱེས་པ་སྟོང་དང་དྲོད་གཤེར་ལས་སྐྱེས་པ་སྟོང་དང་བརྫུས་ཏེ་སྐྱེས་པ་སྟོང་རྣམས་སོ། །ཞེས་གསུངས་པའི་པྱིར།
Domain ཆོས་ལུགས།