95509
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷ་རས་པ་བརྩོན་འགྲུས་དཔལ་བ་སྟེ་སྐུ་འཁྲུངས་ཡུལ་ལྕི། ཚང་གསར་པའི་སྤྱན་སྔ་གྲགས་བྱང་བ་དང༌། སྟོང་ནག་རས་པ་བློ་གྲོས་རྡོ་རྗེ་གཉིས་ཀ་ལ་ཐུག་གདམས་པ་ཐམས་ཅད་གསན། སྐྱོ་ཁོ་ཉིན་ཕུག་རྔ་རོང་སོགས་སུ་སྐུ་ཚེ་དང་བསྒྲུབ་པ་མཉམ་མཐར་ཉིན་ཕུག་ཏུ་སྐུ་གཤེགས་པའི་གདུང་འབུམ་ཡོད། རབ་བྱུང་ལྔ་པའི་ནང་ཙམ་ལ་བྱོན། སློབ་ཚོགས་མང་དུ་བྱོན་པའི་ནང་ནས་མཆོག་ཏུ་གྱུར་པ་གླང་རས་གྲགས་པ་རྒྱལ་མཚན་ཡིན། ཁོང་སྐུ་འཁྲུངས་ཡུལ་རྫ་བརྒྱུད་ཤེལ་ཚ། ཡབ་གླང་རིན་ཆེན་བླ་མའི་སྲས་སུ་རབ་དྲུག་པའི་ས་སྟག་ཕྱི་ལོ་ ༡༣༣༨ ལོ་ལ་སྐུ་བལྟམས། སློབ་དཔོན་སྟོང་ནག་རས་པ་དང༌། ཀརྨ་པ་རོལ་པའི་རྡོ་རྗེ་ལས་བསྐྱེད་རྫོགས་གདམས་སྐོར་དང་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་སོགས་མང་དུ་གསན། ཁྱད་པར་ལྷ་རས་པ་ལས་གདམས་ངག་ཐམས་ཅད་རྫོགས་པར་གསན། འཇམ་དབྱངས་ཀྱི་སྤྲུལ་པར་གྲགས། ཤེ་ཕྲོམ་རྒྱམ་རྒྱལ་སྐྱོ་ཁོ་ཉིན་ཕུག་སོགས་ལ་ལོ་ཉི་ཤུ་བཞུགས། དེ་ནས་མཁའ་འགྲོའི་ལུང་བསྟན་ངོ་མཚར་བ་བྱུང་སྟེ། མཁའ་འགྲོ་མ་ཝ་ལ་སྤྲུལ་ནས་ཆའུ་ཁྱེར་སོང་བ་སྐྱོ་བྲག་མགོ་ཡི་བྲག་ཐོག་ལ་བཞག་འདུག་པ་གཟིགས་ནས་མཁའ་འགྲོའི་དགོན་པར་ཞབས་ཀྱིས་བཅག་པའི་རྟེན་འབྲེལ་དུ་གོ་ནས་སྐྱོ་བྲག་མགོ་ཡི་དགོན་བཏབ། སྐུ་གསུང་ཐུགས་རྟེན་མང་བར་བཞེངས། རབ་བྱུང་བདུན་པའི་ལྕགས་སྟག་ཕྱི་༡༤༡༠ ལོ་དགུང་གྲངས་དོན་གསུམ་ཐོག་སྐུ་གཤེགས། རྟེན་ཐུགས་ལྗགས་སྤྱན་གསུམ་དང་རིང་བསྲེལ་མཐའ་ཡས། ཁོང་གི་སློབ་མ་ཆོས་རྗེ་བསོད་ནམ་བཟང་པོ་སོགས་ནས་དེང་སང་གི་བར་དུ་རིམ་པར་བྱོན་པ་སྟེ་དོན་བརྒྱུད་སྐྱོ་བྲག་པའི་སྐབས་སོ། ། |