96120

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒོམ་ལམ་གྱི་རྟེན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། དབུ་མ་པ། སྒོམ་ལམ་གྱི་ལུས་རྟེན་དང་སེམས་རྟེན་གང་རུང་ཞིག་ལ་སྒོམ་ལམ་གྱི་རྟེན་ཞེས་ཟེར། དེ་ལ་གཉིས་ཡོད་དེ། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ལུས་རྟེན་བཤད་པ་དང། སེམས་རྟེན་བཤད་པ་གཉིས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཉན་ཐོས་ཀྱི་སྒོམ་ལམ་ཁམས་གསུམ་ཀའི་རྟེན་ལ་སྐྱེ་བ་དང། རང་རྒྱལ་གྱི་སྒོམ་ལམ་འདོད་ཁམས་ཀྱི་རྟེན་ལ་སྐྱེ་བ་དང། ཐེག་ཆེན་གྱི་སྒོམ་ལམ་འདོད་གཟུགས་ཀྱི་རྟེན་ལ་སྐྱེ་བ་ཡོད་ཅིང། གཟུགས་མེད་ཀྱི་རྟེན་ལ་སྐྱེ་བ་མེད་པའི་ཕྱིར། དེ་མེད་དེ། གཟུགས་མེད་དུ་སྐྱེ་བ་ལེན་པའི་བྱང་འཕགས་མེད་པའི་ཕྱིར། དེ་ཡང་སྡུད་པར། བྱང་ཆུབ་ཡོན་ཏན་ཕ་རོལ་ཕྱིན་ཉམས་འགྱུར་འོང་ཞེས། །གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་གཉེར་མི་བྱེད། །ཞེས་གསུངས། གཉིས་པ་སེམས་རྟེན་ཡོད་དེ། ཉན་ཐོས་རྣམས་ཐབས་ལ་མི་མཁས་པས་འདོད་སེམས་དང་སྲིད་རྩེའི་སེམས་ལ་བརྟེན་ནས་སྒོམ་ལམ་བསྐྱེད་པ་མེད། ཐེག་ཆེན་པ་ནི་འདོད་སེམས་དང་བསམ་གཏན་གྱི་དངོས་གཞི་བཞི་དང་གཟུགས་མེད་ཀྱི་དངོས་གཞི་བཞི་སྟེ་ས་དགུ་ལ་བརྟེན་ནས་སྒོམ་ལམ་བསྐྱེད་པ་ཡོད་པའི་ཕྱིར་ཏེ། འགྲེལ་ཆེན་ལས། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་སུ་ཞེས་སྨོས་པ་ལས་ན། འདོད་པའི་ཁམས་ལ་སོགས་པའི་ས་དགུ་པོའི་ལམ་བཟུང་བར་བྱའོ། །གང་ཡང། འདོད་པ་ཁམས་དང་སྲིད་རྩེ་ན། །བྱང་ཆུབ་ལམ་གྱི་ཡན་ལག་སྤངས། །ཞེས་བརྗོད་པ་ནི། ཐབས་ལ་མི་མཁས་པ་ཡིན་པའི་ཕྱིར་ཉན་ཐོས་ཀྱི་དབང་དུ་བྱས་པ་ཡིན་པས་དེ་དང་འདི་ལ་འགལ་བ་མེད་ཅེས་བྱ་བ་ནི་ཁ་ཅིག་གིའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།