96127

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒོམ་ལམ་བར་ཆད་མེད་ལམ་དགུ་ (1)
Part of speech མིང་ཚིག
Definition མདོ། ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་དེ་ལ། དེ་ཆུང་ངུའི་ཆུང་ངུའི་བར་ཆད་མེད་ལམ་ནས། དེ་ཆེན་པོའི་ཆེན་པོའི་བར་ཆད་མེད་ལམ་གྱི་བར་དགུ་ཡོད་དེ། བདེན་འཛིན་ལྷན་སྐྱེས་དེ་ལ་ཡང༌། དེ་ཆེན་པོའི་ཆེན་པོ་ནས། དེ་ཆུང་ངུའི་ཆུང་ངུའི་བར་དགུ་ཡོད། ཆེན་པོའི་ཆེན་པོ་དེ་ལ་ཡང་འདོད་པའི་སས་བསྡུས་ཀྱིས་དེ་ཆེན་པོའི་ཆེན་པོ་ནས། སྲིད་རྩེའི་སས་བསྡུས་ཀྱིས་དེའི་བར་དགུ་ཡོད། དེ་ཆུང་ངུའི་ཆུང་ངུ་དེ་ལ་ཡང༌། འདོད་པའི་སས་བསྡུས་ཀྱིས་དེ་ནས། སྲིད་རྩེའི་སས་བསྡུས་ཀྱིས་དེའི་བར་དགུ་ཡོད། སྤངས་གཉེན་སྦྱོར་ཚུལ་ནི། ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུའི་བར་ཆད་མེད་ལམ་དེས། འདོད་པའི་སས་བསྡུས་ཀྱི་བདེན་འཛིན་ལྷན་སྐྱེས་ཆེན་པོའི་ཆེན་པོ་ནས། སྲིད་རྩེའི་སས་བསྡུས་ཀྱི་དེ་ཆེན་པོའི་ཆེན་པོའི་བར་དགུ་ཀའི་དངོས་གཉེན་བྱེད་ཅིང༌། ཐེག་ཆེན་གྱི་སྒོམ་ལམ་ཆེན་པོའི་ཆེན་པོའི་བར་ཆད་མེད་ལམ་དེས། འདོད་པའི་སས་བསྡུས་ཀྱིས་དེ་ཆུང་ངུའི་ཆུང་ངུ་ནས། སྲིད་རྩེའི་སས་བསྡུས་ཀྱིས་ཆུང་ངུའི་ཆུང་ངུའི་བར་དགུ་ཀའི་དངོས་གཉེན་བྱེད་ལ། དེ་བཞིན་དུ་གཞན་རྣམས་ལ་སྦྱར་རོ། །དེས་ན། ས་དང་པོའི་སྒོམ་ལམ་དང༌། ས་གཉིས་པ་རྣམས་ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུར་འཇོག་གོ ། ས་གསུམ་པ་དེའི་འབྲིང༌། བཞི་པ་དེའི་ཆེན་པོར་འཇོག ས་ལྔ་པ། དྲུག་པ། བདུན་པ་གསུམ་རིམ་པ་བཞིན་འབྲིང་གི་ཆུང་ངུ༌། འབྲིང་གི་འབྲིང༌། འབྲིང་གི་ཆེན་པོར་འཇོག ས་བརྒྱད་པ། དགུ་པ། བཅུ་པ་གསུམ་རིམ་པ་བཞིན། ཆེན་པོའི་ཆུང་ངུ༌། དེའི་འབྲིང༌། དེའི་ཆེན་པོ་གསུམ་དུ་འཇོག ས་དང་པོའི་སྒོམ་ལམ་བར་ཆད་མེད་ལམ་དང། ས་དང་པོའི་སྒོམ་ལམ་རྣམ་གྲོལ་ལམ་ནི་མེད་དེ། ས་དང་པོའི་མཐོང་ལམ་རྣམ་གྲོལ་ལམ་དེས། ཤེས་སྒྲིབ་ཀུན་བཏགས་སྤངས་ཟིན་པ་ཡིན་པའི་ཕྱིར། ས་གཉིས་པའི་རྣམ་གྲོལ་ལམ་ཡང་མེད་དེ། ས་གཉིས་པའི་བར་ཆད་མེད་ལམ་དེ། ས་གཉིས་པའི་ཐ་མའི་ཡེ་ཤེས་ཡིན་པའི་ཕྱིར། དེ་བཞིན་དུ་ས་གསུམ་པའི་བར་ཆད་མེད་ལམ་དེ། ས་གསུམ་པའི་ཐ་མའི་ཡེ་ཤེས་ཡིན་པ་ནས་བཟུང་སྟེ། ས་བཅུ་པའི་བར་ཆད་མེད་ལམ་དེ། ས་བཅུ་པའི་ཐ་མའི་ཡེ་ཤེས་ཡིན་པའི་བར་རིགས་བསྒྲེ། ཡང་ས་གཉིས་པའི་རྣམ་གྲོལ་ལམ་མེད་ཀྱང༌། ས་གསུམ་པའི་རྣམ་གྲོལ་ལམ་དེ་ས་གསུམ་པའི་ཐོག་མའི་ཡེ་ཤེས་ཡིན་པ་ནས་བཟུང་སྟེ། ས་བཅུ་པའི་རྣམ་གྲོལ་ལམ་དེ་ས་བཅུ་པའི་ཐོག་མའི་ཡེ་ཤེས་ཡིན་པའི་བར་རིགས་བསྒྲེ་བ་ཡིན་ཏེ། ས་གསུམ་པའི་བར་ཆད་མེད་ལམ་དེ་ས་གསུམ་པའི་ཐ་མའི་ཡེ་ཤེས་ཡིན་པ་ནས་བཟུང་སྟེ། ས་བཅུ་པའི་བར་ཆད་མེད་ལམ་དེ་ས་བཅུ་པའི་ཐ་མའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །དེས་མཚོན་ནས་ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུའི་བར་ཆད་མེད་ལམ་དེ། ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུའི་ཐ་མའི་ཡེ་ཤེས་ཡིན་པ་ནས་བཟུང་སྟེ། དེ་ཆེན་པོའི་ཆེན་པོའི་བར་ཆད་མེད་ལམ་དེ། ཆེན་པོའི་ཆེན་པོའི་ཐ་མའི་ཡེ་ཤེས་ཡིན་པའི་བར་རིགས་བསྒྲེ་ཞིང༌། དེ་བཞིན་དུ་ཉན་ཐོས་ཀྱི་སྒོམ་ལམ་དགུ་དང། རང་རྒྱལ་གྱི་སྒོམ་ལམ་དགུ་ལ་ཡང་རིགས་བསྒྲེའོ། །
Domain ཆོས་ལུགས།