96131

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒོམ་ལམ་ལ་བརྟེན་པའི་ཡོན་ཏན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཐེག་པ་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རང་གི་ངང་གིས་འབྱུང་བའི་འགལ་རྐྱེན་མངོན་གྱུར་པ་ཟད་ཅིང་མཐུན་རྐྱེན་ཕུན་སུམ་ཚོགས་པ་དེ། སྒོམ་ལམ་གྱི་བརྟེན་པ་ཡོན་ཏན་གྱི་མཚན་ཉིད། ས་མཚམས་ནི། ས་བཅུ་པ་ནས་ཡོད་དོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། རང་ལུགས་ནི་སྐབས་བཞི་པར་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་བྱང་སེམས་རྣམས་ཕྱིར་མི་ལྡོག་པར་བསྟན་པ་ན་དེ་དག་ཉམས་ལེན་གྱི་རིམ་པ་ལ་མི་ལྟོས་པར་འགྱུར་སྙམ་པའི་དོགས་པ་བསལ་བའི་ཕྱིར་དུ་སྦྱོར་བ་གསུམ་ཆར་དག་སའི་བྱང་སེམས་ཀྱི་ཉམས་ལེན་ལ་སྦྱར་བ་ལྟར་དུ། སྔར་མཐོང་སྒོམ་གྱི་རྩེ་སྦྱོར་གཉེན་པོ་འབད་རྩོལ་གྱི་ལྡོག་པ་ནས་བསྟན་པ་ན་དེ་དག་འབད་རྩོལ་ལ་མི་ལྟོས་པའི་ཡོན་ཏན་མེད་པ་ཡིན་ནམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་དག་སར་འབད་རྩོལ་ལ་མི་ལྟོས་པའི་ཡོན་ཏན་གྱི་ལྡོག་པ་སྟོན་པའི་ཕྱིར་གཞུང་འདི་དག་འབྱུང་བ་ཡིན་ནོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། འདི་ལ་དོན་བཞི་སྟེ། ༡ འབད་རྩོལ་ལ་མི་བལྟོས་པའི་གང་ཟག སྲིད་ཞིའི་རྒུད་པ་སེལ་བའི་གནས་སྐབས་ཀྱི་འབྲས་བུ་མཆོག་གི་མཛེས་པ་དང་ལྡན་པའི་དག་སའི་བྱང་སེམས་སོ། །༢ འབད་རྩོལ་ལ་མི་བལྟོས་པའི་རྒྱུ། དཔེར་ན་སྐྱེས་བུ་ནད་དང་བྲལ་ཏེ་ཡུན་རིང་དུ་ལོན་ནས་དབུགས་འབྱིན་པའི་བདེ་བ་ཐོབ་པ་ལྟར། ཡམས་ནད་དང་འདྲ་བའི་སྒོམ་སྤང་གཟུང་འཛིན་རྣམ་རྟོག་མངོན་འགྱུར་བ་འདི་རྣམས་ཟད་ནས། ཡོན་ཏན་ཀུན་འབད་རྩོལ་ལ་མི་བལྟོས་པར་རང་གི་ངང་གིས་ཡར་ལྡན་དུ་འབྱུང་བ་ཡིན་ནོ། །༣ འབད་རྩོལ་ལ་མི་བལྟོས་པའི་ཡོན་ཏན། རིགས་ཅན་གསུམ་གྱི་དོན་སྒྲུབ་པའི་ཐེག་པ་གསུམ་གྱི་ཡོན་ཏན་གྱི་རིགས་མཐའ་དག་གོ ། ༤ འབད་རྩོལ་ལ་མི་བལྟོས་པའི་ཚུལ། རྒྱ་མཚོ་ཆེན་པོར་ཆུ་བོ་ཀུན་འདུ་བ་བཞིན་དག་སའི་བྱང་སེམས་ཀྱི་ཡོན་ཏན་གྱི་རྒྱ་མཚོར་ཐེག་པ་གསུམ་གྱི་ཡོན་ཏན་གྱི་རིགས་ཀུན་ཡར་ལྡན་དུ་འདུ་ཞིང་རྒྱུན་མི་ཆད་པར་འཕེལ་བར་གནས་སོ། །སློབ་དཔོན་གྱི་ལུགས་ལ་ས་བཅུ་པའི་ངོ་བོར་གྱུར་པའི་རྣམ་གྲོལ་ལམ་བཞེད་པའི་བཅུ་པའི་རྣམ་གྲོལ་ལམ་ཐོབ་རྗེས་ཀྱི་ས་བཅུ་པ་རྣམས་ལ་འདིར་བཤད་པའི་ཡོན་ཏན་ཕུན་ཚོགས་པ་ཐམས་ཅད་ལྡན་པར་བཞེད་དོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།