96143

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒོམ་སྤང་ཉོན་སྒྲིབ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཉོན་སྒྲིབ་ཀྱང་ཡིན། སྤང་བྱ་ལྷན་སྐྱེས་ཀྱིས་བསྡུས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། སྒོམ་སྤང་ཉོན་སྒྲིབ་ཀྱི་མཚན་ཉིད། དེ་ལ་དབྱེ་ན། དེ་མངོན་གྱུར་བ་དང༌། དེའི་ས་བོན་གཉིས། སྒོམ་སྤང་ཉན་སྒྲིབ་གང་ཞིག ། རང་གི་དམིགས་རྣམ་འཛིན་པའི་བློར་དམིགས་པ། དང་པོའི་མཚན་ཉིད། དེ་ལ་དབྱེ་ན། ཁོ་རང་ཡིན་པར་གྱུར་པའི་འཇིག་ལྟ། མཐར་ལྟ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ་རྣམས་སུ་ཡོད་ལ། དེ་ཡང་འདོད་པའི་སས་བསྡུས་ཀྱི་དྲུག་པོ་དེ་ལ་ཆུང་འབྲིང་ཆེན་པོ་གསུམ་དུ་ཕྱེ་བའི་བཅོ་བརྒྱད། དེ་རེ་རེ་ལ་ཆུང་ངུའི་ཆུང་ངུ་སོགས་གསུམ་གསུམ་དུ་ཕྱེ་བའི་ལྔ་བཅུ་རྩ་བཞི། གཟུགས་ཀྱི་སས་བསྡུས་ལ་ཁོང་ཁྲོ་མ་གཏོགས་པའི་ལྔ་པོ་དེ་ཡོད་པས་དེ་ལྟར་ན། བསམ་གཏན་དང་པོ། གཉིས་པ། གསུམ་པ། བཞི་པའི་སས་བསྡུས་ཀྱི་ལྔ་ལྔ་སྟེ་ཉི་ཤུ། དེ་རེ་རེ་ལ་ཆུང་འབྲིང་ཆེན་པོ་གསུམ་གསུམ་དུ་ཕྱེ་བའི་དྲུག་ཅུ། དེ་རེ་རེ་ལའང་ཆུང་ངུའི་ཆུང་ངུ་སོགས་གསུམ་གསུམ་དུ་ཕྱེ་བའི་བརྒྱ་དང་བརྒྱད་ཅུ། གཟུགས་མེད་ཀྱི་སས་བསྡུས་ལའང་གཟུགས་མེད་བཞི་ལ་དེ་བཞིན་དུ་ཉི་ཤུ་སོགས་སུ་དབྱེ་བའི་བརྒྱ་དང་བརྒྱད་ཅུ་སྟེ། ཀུན་དྲིལ་བའི་བཞི་བརྒྱ་དང་བཅུ་བཞི་ཡོད་པར་མངོན་པ་ཀུན་བཏུས་ལས་བཤད་པ་ལྟར་ཁས་ལེན་ནོ། །མཛོད་ལས། བཞི་ནི་བསྒོམས་པས་སྤང་བྱ་ཡིན། །ཞེས་ཁོ་རང་ཡིན་པར་གྱུར་པའི་འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ་རྣམས་སུ་ཡོད་ལ། འདོད་པའི་སས་བསྡུས་ཀྱི་དེ་བཞི་ལ་ཆུང་འབྲིང་ཆེན་པོ་གསུམ་དུ་ཕྱེ་བའི་བཅུ་གཉིས། དེ་རེ་རེ་ལ་ཆུང་ངུའི་ཆུང་ངུ་སོགས་གསུམ་གསུམ་དུ་ཕྱེ་བའི་སུམ་ཅུ་རྩ་དྲུག ། གཟུགས་ཀྱི་སས་བསྡུས་པའི་ཁོང་ཁྲོ་མ་གཏོགས་པའི་གསུམ་པོ་དེ་ལ་བསམ་གཏན་བཞི་ལ་གསུམ་དུ་ཕྱེ་བའི་བཅུ་གཉིས། དེ་རེ་རེ་ལ་ཆུང་འབྲིང་ཆེན་པོ་གསུམ་གསུམ་དུ་ཕྱེ་བའི་སུམ་ཅུ་རྩ་དྲུག དེ་རེ་རེ་ལ་ཆུང་ངུའི་ཆུང་ངུ་སོགས་གསུམ་གསུམ་དུ་ཕྱེ་བའི་བརྒྱ་དང་བརྒྱད། གཟུགས་མེད་བཞི་ལ་དེ་བཞིན་དུ་ཕྱེ་བའི་བརྒྱ་དང་བརྒྱད་དེ་ཀུན་དྲིལ་བའི་ཉིས་བརྒྱ་དང་ལྔ་བཅུ་ང་གཉིས་ཡོད་དོ། །སྒོམ་སྤང་ཉོན་སྒྲིབ་ཀྱི་ས་བོན་ནི། རང་གི་དམིགས་རྣམ་མི་འཛིན་པར་རང་གི་འབྲས་བུར་གྱུར་པའི་སྒོམ་སྤང་ཉོན་སྒྲིབ་མངོན་གྱུར་བའི་རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་པའི་ངོ་བོར་གྱུར་པའི་བག་ཆགས་ཀྱི་ཆ་ལ་འཇོག་གོ །
Domain ཆོས་ལུགས།