96442

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲ་མི་རྟག་པ་མ་ཡིན་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་འགལ་རྟགས་ (1)
Part of speech མིང་ཚིག
Definition སྒྲ་མི་རྟག་པ་མ་ཡིན་པར་སྒྲུབ་པའི་འགལ་རྟགས་གང་ཞིག དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་ན་ཁྱོད་ཡིན་པས་མ་ཁྱབ་མ་ཡིན་པས་ཀྱང་ཁྱབ་པ་དེ། སྒྲ་མི་རྟག་པ་མ་ཡིན་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་འགལ་རྟགས་ཞེས་བྱ་སྟེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་འགལ་རྟགས་དང། མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་འགལ་རྟགས་གཉིས། གསུམ་པ་མཚན་གཞི་ནི། བྱས་པ་སྒྲ་མི་རྟག་པ་མ་ཡིན་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་འགལ་རྟགས་དང། བྱས་པའི་བྱེ་བྲག་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་འགལ་རྟགས་ཡིན། ཞེས་དང། བྱས་པ་ཆོས་ཅན། སྒྲ་མི་རྟག་པ་མ་ཡིན་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་འགལ་རྟགས་ཡིན་པར་ཐལ། དེ་སྒྲུབ་ཀྱི་འགལ་རྟགས་ཡིན་པ་གང་ཞིག མི་རྟག་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར། ཞེས་དང་། གཞན་ཡང་། དེ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཞེས་གསུངས། ( མཆན་)འདི་དག་གི་གནད་ཀྱིས་དེ་ལ་རྣམ་གཉིས་སུ་འཇུག་ཚུལ་གོ་ནུས་ཏེ། གོང་དུ་དབྱེ་བར་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་འགལ་རྟགས་གསུམ་པ་དང་། བྱས་པ་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྒྱུ་མཚན་མི་རྟག་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར་ཞེས་གསུངས་པས། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་ན་རྟགས་དེ་ཡིན་པས་མ་ཁྱབ་མ་ཡིན་པས་ཀྱང་མ་ཁྱབ་པའི་འགལ་རྟགས་དེ། མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་འགལ་རྟགས་ཡིན་པ་རྩོད་མེད་དུ་གྲུབ་ལ། གཞན་ཡང་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ན་སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་དགོས་ན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་ཡིན་ན་སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་འགལ་རྟགས་ཀྱང་ཡིན་དགོས་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །
Domain ཚད་མ།