96655

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲུབ་ངག་ཡང་དག་ (1)
Part of speech མིང་ཚིག
Definition གཞན་དོན་རྗེས་དཔག་ལ་གཟིགས། གཞན་དོན་རྗེས་དཔག ། སྒྲུབ་ངག་ཡང་དག ། རང་རྒྱུད་ཀྱི་སུན་འབྱིན་ཡང་དག་རྣམས་དོན་གཅིག་ཡིན་ཏེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། གཞན་དོན་རྗེས་དཔག་གམ་སྒྲུབ་ངག་ཡང་དག་གི་མཚན་ཉིད། ཅེས་དང་། རང་རྒྱུད་ནི་སྒྲུབ་ངག་ཡང་དག་ཡིན་པས་བཤད་ཟིན་ཏོ། །ཞེས་གསུངས།
Domain ཚད་མ།

{{#arraymap:སྒྲུབ་ངག་ཡང་དག་

|; |@@@ | | }}

སྒྲུབ་ངག་ཡང་དག་ (2)
Part of speech མིང་ཚིག
Definition སྒྲུབ་ངག་ཡང་དག་ཅེས་པ་ནི། སྔ་རྒོལ་རང་གི་ཚད་མས་མཐོང་བའི་རྟགས་ཀྱིས་ཚུལ་གསུམ་ཕྱི་རྒོལ་ལ་གསལ་བར་སྟོན་པའི་ཡན་ལག་གསུམ་ལྡན་གྱི་ངག་རྣམ་དག་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། སྔ་རྒོལ་རང་གི་ཚད་མས་མཐོང་བའི་རྟགས་ཀྱིས་ཚུལ་གསུམ་ཕྱི་རྒོལ་ལ་གསལ་བར་སྟོན་པའི་ཡན་ལག་གསུམ་ལྡན་གྱི་ངག་རྣམ་དག་དེ། གཞན་དོན་རྗེས་དཔག་གམ་སྒྲུབ་ངག་ཡང་དག་གི་མཚན་ཉིད་ཡིན་ཏེ། ཚད་མ་ཀུན་བཏུས་ལས། གཞན་དོན་རྗེས་སུ་དཔག་པ་ནི། །རང་གི་མཐོང་དོན་རབ་གསལ་བྱེད། །ཅེས་གསུངས་པའི་ཕྱིར། གཞུང་ཚིག་གཉིས་པོ་དེས་ཡན་ལག་གསུམ་ལྡན་གྱི་ངག་རྣམ་དག་དེ་སྒྲུབ་ངག་ཡང་དག་གི་མཚན་ཉིད་དུ་བསྟན་པའི་སྒོ་ནས། སྒྲུབ་ངག་ཡང་དག་ཡིན་ན་སྒྲ་བློ་དོན་གསུམ་སྐྱོན་དང་བྲལ་བ་ཞིག་དགོས་པར་བསྟན་པ་ཡིན་ཏེ། གཞན་དོན་རྗེས་སུ་དཔག་པ་ནི། །ཞེས་པས་ངོ་བོ་སྒྲུབ་ངག་ཡང་དག་ངོས་བཟུང་ནས། རང་གི་མཐོང་ཞེས་པས་བློ་སྐྱོན་དང་བྲལ་བ་ཞིག་དགོས་པར་བསྟན། དོན་ཞེས་པས་དོན་སྐྱོན་དང་བྲལ་བ་ཞིག་དགོས་པར་བསྟན། རབ་གསལ་བྱེད་ཅེས་པས་སྒྲ་སྐྱོན་དང་བྲལ་བ་ཞིག་དགོས་པར་བསྟན་པ་ཡིན་པའི་ཕྱིར། དེ་ཡང་སྒྲུབ་ངག་ཡང་དག་ཡིན་ན་ཡན་ལག་གསུམ་ལྡན་ཡིན་པས་ཁྱབ་ཅིང། ཡན་ལག་གསུམ་ནི། ཕྱོགས་ཆོས་བརྗོད་པའི་ཡན་ལག ཁྱབ་པ་བརྗོད་པའི་ཡན་ལག མཐུན་དཔེ་བརྗོད་པའི་ཡན་ལག་དང་གསུམ་མོ། །ཡན་ལག་གསུམ་པོ་དེ་ལས་ལྷག་པའི་སྒྲུབ་ངག་དང། དེ་གསུམ་མ་ཚང་བའི་སྒྲུབ་ངག་ནི། རིམ་པ་ལྟར་ལྷག་ཆད་ཀྱི་སྐྱོན་དང་ལྡན་པའི་སྒྲུབ་ངག་ཡིན་པས་སྒྲུབ་ངག་ལྟར་སྣང་ཡིན་ནོ། །ཞེས་གསུངས་སོ། །

{{#arraymap:སྒྲུབ་ངག་ཡང་དག་

|; |@@@ | | }}

སྒྲུབ་ངག་ཡང་དག་ (3)
Part of speech མིང་ཚིག
Definition རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་མཛད་པའི་རྣམ་འགྲེལ་ལེའུ་བཞི་པའི་མཐའ་དཔྱོད་ལྟར་ན། ཁྱད་ཆོས་བཞི་དང་ལྡན་པའི་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིག་རྣམ་དག་དེ། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་གི་མཚན་ཉིད། བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་པའི་སྒྲུབ་ངག་ཆོས་ཅན། ཁྱད་ཆོས་བཞི་དང་ལྡན་ཏེ། རྒྱུའི་ཁྱད་པར་རང་གི་བསྟན་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་དུ་སོང་བ། བརྗོད་བྱའི་ཁྱད་པར་རང་གི་བསྟན་བྱར་གྱུར་པའི་ཚུལ་གསུམ་ལྷག་ཆད་མེད་པར་བརྗོད་པ། ངོ་བོའི་ཁྱད་པར་སྒྲ་བློ་དོན་གསུམ་གྱི་སྐྱོན་དང་བྲལ་བ། བྱེད་ལས་ཀྱི་ཁྱད་པར་རང་འབྲས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར། གཉིས་པ་ནི། སྒྲུབ་ངག་ལ་རྒོལ་བའི་སྒོ་ནས་དབྱེ་ན། རང་དོན་སྒྲུབ་ངག་ཡང་དག་དང། གཞན་དོན་སྒྲུབ་ངག་ཡང་དག་གཉིས། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་གང་ཞིག སྒྲ་མི་རྟག་པར་ཚད་མས་མ་གྲུབ་པའི་གང་ཟག་གི་རྒྱུད་ཀྱིས་བསྡུས་པ་དེ། དང་པོའི་མཚན་ཉིད། དཔེར་ན་བྱས་རྟགས་ཀྱི་སྒྲ་མི་རྟག་སྒྲུབ་ལ་རང་དོན་སྐབས་ཀྱི་རྟགས་ཡང་དག་ཏུ་སོང་བའི་རྒོལ་བའི་རྒྱུད་ཀྱིས་བསྡུས་པའི་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པའི་སྒྲུབ་ངག་ལྟ་བུ། རང་ཉིད་འགོད་པ་པོའི་སྒྲ་མི་རྟག་པར་སྒྲུབ་པའི་སྔ་རྒོལ་ཡང་དག་གི་ཚད་མས་རྟོགས་པའི་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་རང་ཉིད་འགོད་པ་སྐབས་སུ་བབས་པའི་ཕྱི་རྒོལ་ལ་ལྷག་ཆད་མེད་པར་སྟོན་པའི་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིག་རྣམ་དག་དེ། སྒྲ་མི་རྟག་པར་སྒྲུབ་པའི་གཞན་དོན་སྒྲུབ་ངག་ཡང་དག་གི་མཚན་ཉིད། དཔེར་ན་བྱས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་ངོར་བཀོད་པའི་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པའི་སྒྲུབ་ངག་ལྟ་བུའོ། །ཞེས་གསུངས་སོ། །

{{#arraymap:སྒྲུབ་ངག་ཡང་དག་

|; |@@@ | | }}

སྒྲུབ་ངག་ཡང་དག་ (4)
Part of speech མིང་ཚིག
Definition མཚན་ཉིད་ནི། ཚུལ་གསུམ་སྟོན་པ་སྒྲུབ་པའི་ངག་གོ སྒྲུབ་པའི་ངག་དེའང་ཕ་རོལ་གྱིས་མ་རྟོགས་པ་རྟོགས་པར་བྱེད་པའམ། ཕྱོགས་ཆོས་ཁྱབ་པ་རེས་འཇོག་ཏུ་རྟོགས་ཀྱང་གཞི་མཐུན་དུ་མ་དྲན་པ་དྲན་པར་བྱེད་པའི་ངག་གོ ། ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། སྔ་རྒོལ་རང་གི་ཚད་མས་མཐོང་བའི་རྟགས་ཀྱིས། ཚུལ་གསུམ་རྒོལ་བ་གཞན་གྱི་དྲན་ལམ་དུ་སྟོན་ཞིང་། འཕེན་པའི་ངག་རྣམ་དག་དེ། འདིེར་བསྟན་པའི་སྒྲུབ་ངག་ཡང་དག་གི་མཚན་ཉིད་དོ། །འོ་ན་གཞན་དོན་རྗེས་དཔག་གི་མཚན་ཉིད་དང་བཟློས་པ་མ་ཡིན་ནམ་ཞེ་ན། འདིའི་དངོས་བསྟན་དང་། སྔར་བཤད་ཟིན་པ་གཉིས་ནི། སྔ་མ་རྒྱ་ཆེ་བ་ཡིན་ཏེ། དེར་སུན་འབྱིན་གྱི་གཞན་དོན་རྗེས་དཔག་ཀྱང་བསྡུ་དགོས་པའི་ཕྱིར་རོ། །དེ་དང་འདིའི་ཤུགས་བསྟན་གཉིས་ནི། འདི་རྒྱ་ཆེ་བ་ཡིན་ཏེ། འདིར་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་རྒོལ་བའི་དྲན་ལམ་དུ་སྟོན་པའི་ངག་དེ། སྒྲུབ་ངག་ཡང་དག་ཙམ་གྱི་མཚན་ཉིད་དུ་ཤུགས་ལ་བསྟན་ནས། དེ་ལ་རང་དོན་དང་། གཞན་དོན་སྐབས་ཀྱི་དབྱེ་བས་གཉིས་སུ་འབྱེད་ཅིང་། ཕྱེ་བའི་རང་དོན་ལ་སྒྲའི་སྐྱོན་མི་རྩི་ཞིང་། གཞན་དོན་ལ་སྐྱོན་གསུམ་ཀ་རྩི་བར་འཆད་དགོས་པའི་ཕྱིར་རོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་སྡེ་བདུན་རོལ་མཚོ་ལས་སོ། ། ཕྱིར་རྒོལ་དེ་ལ་བློའི་བྱེ་བྲག་གིས་གསུམ་དུ་འགྱུར་ཏེ། ཕྱོགས་ཆོས་དང་ཁྱབ་པ་གཉིས་ཀ་དྲན་རུང་མེད་པ་དང་། གཉིས་ཀ་དྲན་ཟིན་པ། དྲན་རུང་ཡོད་ཀྱང་མ་དྲན་པའོ། །སྔ་མ་གཉིས་ནི་བསྒྲུབ་ངག་འགོད་པའི་ཡུལ་མ་ཡིན་ཏེ། དང་པོ་ལ་བསྒྲུབ་ངག་འགོད་ཀྱང་རྗེས་དཔག་སྐྱེད་མི་ནུས། གཉིས་པ་ལ། རྗེས་དཔག་གི་དངོས་རྒྱུ་ཚང་བའི་བསྒྲུབ་ངག་འགོད་མི་དགོས་པའི་ཕྱིར་རོ། །གསུམ་པ་ལ། ཕྱོགས་ཆོས་དང་ཁྱབ་པ་གཉིས་ཀ་དྲན་རུང་ཡོད་ཀྱང་མ་དྲན་པ་དང་། ཕྱོགས་ཆོས་དྲན་ལ་ཁྱབ་པ་མ་དྲན་པ་དང་། ཁྱབ་པ་དྲན་ལ་ཕྱོགས་ཆོས་མ་དྲན་པ་གསུམ་ལས། དང་པོ་ལ། ཆོས་མཐུན་སྦྱོར་དང་། ཆོས་མི་མཐུན་སྦྱོར་གྱི་བསྒྲུབ་ངག་ཡང་དག་གཉིས། གཉིས་པ་ལ། ཕྱོགས་ཆོས་ཁར་འབྱིན་ན། འོ་ན་གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན་ཞེས་རྗེས་ཁྱབ་རྐྱང་པ་བརྗོད་པ་དང་། ཡང་འོ་ན་གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། ཞེས་ལྡོག་ཁྱབ་རྐྱང་པ་བརྗོད་པ་དང་གཉིས། གསུམ་པ་ལ། ཁྱབ་པ་ཁར་འབྱིན་ན། འོ་ན་སྒྲ་ཡང་བྱས་སོ་ཞེས་ཕྱོགས་ཆོས་རྐྱང་པ་ཅན་གྱི་བསྒྲུབ་ངག་སྟེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པ་བསྒྲུབ་པ་ལྟ་བུའི་ཕྱིར་རྒོལ་ལ་ལྟོས་ནས་བསྒྲུབ་ངག་ཡང་དག་ལྔར་འགྱུར་པ་ཡིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །

{{#arraymap:སྒྲུབ་ངག་ཡང་དག་

|; |@@@ | | }}