96657

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲུབ་ངག་ཡན་ལག་ལྔ་ལྡན་ (1)
Part of speech མིང་ཚིག
Definition བསྒྲུབ་བྱ་བརྗོད་པ། ཕྱོགས་ཆོས་བརྗོད་པ། ཁྱབ་པ་བརྗོད་པ། ཉེར་གཏོད་བརྗོད་པ། མཇུག་སྡུད་བརྗོད་པ་དང་ལྔ་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། བདག་སྐྱེ་འགོག་ནུས་ཀྱི་སྒྲུབ་ངག་ཡན་ལག་ལྔ་ལྡན་གྱི་དཔེའི་ཁྱད་པར་ཡོད་དེ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར། བྱས་ན་མི་རྟག་པས་ཁྱབ་སྟེ། དཔེར་ན་བུམ་པ་བཞིན། བུམ་པ་བྱས་པ་དེ་བཞིན་དུ་སྒྲ་ཡང་བྱས་སོ། །དེའི་ཕྱིར་སྒྲ་མི་རྟག་ཅེས་པ་ལྟ་བུ་ཡིན་པའི་ཕྱིར། དེས་མཚོན་པའི་སྒྲུབ་ངག་ཡན་ལག་ལྔ་ལྡན་གྱི་ཁྱད་པར་ཡོད་དེ། རྒྱུ་དུས་སུ་མི་གསལ་བའི་ཚུལ་གྱིས་ཡོད་པར་འདོད་པའི་མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་དེ། རང་གི་བདག་ཉིད་དུ་གྲུབ་ཟིན་ཡོད་པའི་ཕྱིར། རང་གི་བདག་ཉིད་དུ་གྲུབ་ཟིན་ཡོད་ན་སླར་ཡང་སྐྱེ་བ་དོན་མེད་པས་ཁྱབ་སྟེ། དཔེར་ན་མངོན་གསལ་གྱི་རྫ་བུམ་བཞིན། མངོན་གསལ་གྱི་རྫ་བུམ་རང་གི་བདག་ཉིད་དུ་གྲུབ་ཟིན་ཡོད་པ་དེ་བཞིན་དུ། དེ་ལྟ་བུའི་མྱུ་གུ་རང་གི་བདག་ཉིད་དུ་གྲུབ་ཟིན་ཡོད་དོ། །དེའི་ཕྱིར་དེ་ལྟ་བུའི་མྱུ་གུ་སླར་ཡང་སྐྱེ་བ་དོན་མེད་དོ་ཞེས་པའི་སྒྲུབ་ངག་དེ་ཡིན་པའི་ཕྱིར། དེས་ཡན་ལག་ལྔ་བརྗོད་པའི་ཚུལ་ཡོད་དེ། སླར་ཡང་སྐྱེ་བ་དོན་མེད་དེ་ཞེས་པས་བསྒྲུབ་བྱ་དང༌། རང་གི་བདག་ཉིད་དུ་གྲུབ་ཟིན་ཡོད་པའི་ཕྱིར་ཞེས་པས་ཕྱོགས་ཆོས་བརྗོད་པ་དང༌། རང་གི་བདག་ཉིད་དུ་གྲུབ་ཟིན་ཡོད་ན་སླར་ཡང་སྐྱེ་བ་དོན་མེད་པས་ཁྱབ་སྟེ། དཔེར་ན་མངོན་གསལ་གྱི་རྫ་བུམ་བཞིན་ཞེས་པས་ཁྱབ་པ་བརྗོད་པ་དང༌། དེ་ལྟ་བུའི་བུམ་པ་རང་གི་བདག་ཉིད་དུ་གྲུབ་ཟིན་ཡོད་པ་དེ་བཞིན་དུ། དེ་ལྟ་བུའི་མྱུ་གུ་རང་གི་བདག་ཉིད་དུ་གྲུབ་ཟིན་ཡོད་ཅེས་པས་ཉེར་གཏོད་བརྗོད་པ་དང༌། དེའི་ཕྱིར་མྱུ་གུ་སླར་ཡང་སྐྱེ་བ་དོན་མེད་ཅེས་པས་མཇུག་སྡུད་བརྗོད་པའི་ཕྱིར། ཞེས་གསུངས།
Domain ཚད་མ།