96687

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲུབ་པ་པོ་བསྒོམ་བཟླས་ལ་འཇུག་པའི་ཀུན་སློང་ (1)
Part of speech མིང་ཚིག
Definition སྒྲུབ་པ་པོ་རྣམས་བསྒོམ་བཟླས་ལ་འཇུག་པའི་ཐོག་མར་འདི་ལྟར་ངེས་པར་བྱ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་རང་གི་སེམས་ཉིད་ཡིན་ཞིང་། སེམས་ཀྱི་ངོ་བོ་སྟོང་པ་ཡིན་པས་གང་དུ་ཡང་མ་གྲུབ་ལ། མཚན་ཉིད་གསལ་བ་ཡིན་པས་གསལ་རིག་གིས་གདངས་འགག་མེད་དུ་འཆར་ཞིང་། དེ་གཉིས་ཐ་དད་དུ་མིན་པར་གསལ་བའི་རང་བཞིན་སྟོང་པ། སྟོང་པ་དེ་གསལ་བར་ཤར་བ་ཡིན་པས་དབྱེར་མེད་དུ་གདོད་ནས་གནས་པའི་གནད་ཀྱིས་རྩལ་སྣ་ཚོགས་སུ་འཆར་དུ་རུང་བ་ཡིན། དེར་གང་ཤར་ཐམས་ཅད་ཀྱང་སྣང་སྟོང་དབྱེར་མེད་དུ་གནས་པའི་ཕྱིར། སྣང་བ་འདི་ཀ་ཡང་སྦྱང་བསྒྱུར་སོགས་ཅི་ཡང་རུང་སྟེ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་གསུངས་པའི་ཕྱིར། དེས་ན་ཐམས་ཅད་ལ་མཐུན་སྣང་དུ་ཤར་བའི་གཟུགས་ལ་སོགས་པ་འདི་དག་སྦྱང་བསྒྱུར་སོགས་མི་ནུས་སྙམ་པ་དང་། སྣང་བ་གཏན་མེད་དུ་བྱེད་མི་རུང་སྙམ་པ་སོགས་ཀྱི་དོགས་པ་མི་དགོས་པར་སྣང་བ་འདི་ཀ་གཞན་དང་གཞན་དུ་བསྒྱུར་ཀྱང་རུང་། སྣང་བ་མི་དམིགས་པར་བྱས་ནས་སེམས་ཉིད་སྟོང་གསལ་དེའི་ངང་ལས་ལྷ་སྔགས་སོགས་འཆར་དུ་བཅུག་ཀྱང་རུང་བ་ཡིན་ཏེ། གང་སྣང་སེམས་ཀྱི་རོལ་བ་ཡིན་པ་དང་། སེམས་ཉིད་རྐྱེན་གྱིས་ཅི་ཡང་འཆར་དུ་རུང་བའི་ཕྱིར། དཔེར་ན་རྨི་ལམ་གྱི་སྣང་བ་གཅིག་ཉིད་གཞན་དང་གཞན་དུ་འགྱུར་བ་ལ་སོགས་པ་བཞིན་ནོ། །དེའང་འོག་ཏུ་མཆོད་གཏོར་བྱིན་རླབས་དང་། ལུས་ངག་བྱིན་རླབས་སོགས་ཕལ་ཆེར་གཞི་དེ་ཉིད་སྣང་སྟོང་དབྱེར་མེད་གནས་པའི་ངང་དེ་ལས་གཞན་དུ་བསྐྱེད་བསྒྱུར་སོགས་བྱེད་དགོས་པ་དང་། ལྷ་བསྐྱེད་སོགས་འགའ་ཞིག་ཏུ་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རྣམས་མི་དམིགས་པར་སྦྱངས་ནས་སེམས་ཉིད་འོད་གསལ་སྟོང་པ་དེའི་ངང་ལས་ལྷར་བསྐྱེད་དགོས་པ་སོགས་ཀྱི་རྣམ་དབྱེ་ཤེས་པར་བྱའོ། །དེ་ལྟར་གནས་ལུགས་ཀྱི་དོན་ལ་ངེས་ཤེས་བསྐྱེད་པ་ནི་ཤེས་རབ་ཡིན་ལ། དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་སྡུག་བསྔལ་ལས་བསྒྲལ་འདོད་ཀྱི་བློ་བཅོས་མིན་བསྐྱེད་པ་ནི་ཐབས་ཏེ། དེ་གཉིས་ཟུང་དུ་འཇུག་པའི་སྒོ་ནས་བསྒོམ་བཟླས་སོགས་གང་བྱས་ཐམས་ཅད་བླ་མེད་བྱང་ཆུབ་ཀྱི་རྒྱུར་གྱུར་ངེས་པ་དང་། གནས་སྐབས་སུ་ཡང་དམིགས་པ་གསལ་བ་དང་། གཞན་ལ་ཕན་ཐོགས་ཆེ་བ་སོགས་ཡོན་ཏན་དཔག་མེད་ཡོད་ཅིང་མེད་ཐབས་མེད་ཀྱི་ལམ་གྱི་གཞི་ཆེན་པོ་ཡིན་ནོ། །དེ་ལས་གཞན་དུ་ཚིག་རྗེས་དོན་དྲན་ཙམ་ཡང་མེད་པ་སྦྱིན་བདག་སོགས་ཀྱི་ངོར་གདངས་རོལ་སྙན་བརྗིད་དང་ལྡན་པར་བྱས་ཀྱང་དེའི་འབྲས་བུ་ནི་དེ་ཁོ་ན་ཡིན་ནོ། །དེས་ན་ཐབས་ཤེས་ཟུང་འཇུག་གིས་ཉམས་ལེན་གྱི་གཞི་བཟུང་། སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་ཡ་མ་བྲལ་བར་བྱ་དགོས་སོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། །
Domain ཆོས་ལུགས།