96707
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རྟོགས་པ་ཆེན་པོ་ནི་བདག་མེད་གཉིས་རྟོགས་པ་སྟེ། བརྒྱད་སྟོང་པ་ལས་བྱང་ཆུབ་ཀྱི་སེམས། ཐམས་ཅད་མཁྱེན་པའི་སེམས། ཟག་པ་མེད་པའི་སེམས། མཉམ་པ་མེད་པའི་སེམས། མི་མཉམ་པ་དང་མཉམ་པའི་སེམས། ཉན་རང་དང་ཐུན་མོང་མ་ཡིན་པའི་སེམས་ཏེ་ཞེས་པའི་དོན། འགྲེལ་ཆེན་ལས། དང་པོ་བྱང་ཆུབ་ཀྱི་རང་བཞིན། བར་པ་བཞི་ཡེ་ཤེས་བཞི། ཐ་མ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པར་བཤད་དོ། །འདིའང་གནས་སྐབས་ལས་དང་པོ་པའི་ས་ནས་དང་། མཐར་ཐུག་སངས་རྒྱས་ཀྱི་སའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། རྟོགས་པ་ཆེན་པོའི་མཚན་ཉིད་ནི། རང་རྒྱུད་ལྡན་གྱི་གང་ཟག་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་རྟོགས་པའོ། །ཞེས་དང། ས་མཚམས་ནི། འཕགས་གྲོལ་གྱིས། ཆེན་པོ་གསུམ་རེ་རེ་ལའང་གནས་སྐབས་དང་མཐར་མཐུག་གི་དབང་དུ་བྱས་པ་གཉིས་གཉིས་ཡོད་པའི་དང་པོ་ཐེག་ཆེན་གྱི་ཚོགས་ལམ་ན་ཡོད་ལ། ཕྱི་མ་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དོ་ཞེས་གསུངས་སོ། །ཆེད་དུ་བྱ་བ་མཚན་ཉིད་པ་ནི་ཕྱི་མ་ཁོ་ན་སྟེ། ཆེན་པོ་གསུམ་གང་རུང་ཡིན་ན། རང་རྒྱུད་ལྡན་གྱི་གང་ཟག་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་ཆོས་ཡིན་དགོས་པའི་ཕྱིར་རོ། །ཞེས་ཡུམ་དོན་རབ་གསལ་ལས་གསུངས། ། པཎ་ཆེན་ཤཱཀྱ་མཆོག་གིས། རང་གང་ལ་ལྡན་པའི་གང་ཟག་དེ་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་བྱེད་ཆོས་དེ་དེར་བྱེད་པའི་རྣམ་པར་གྲོལ་བའི་ལམ་མམ། ཁྱད་པར་ཅན་གྱི་ལམ་དུ་གྱུར་པ་དེ། རྟོགས་པ་ཆེན་པོའི་མཚན་ཉིད་དོ། །ཅེས་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |