96802
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི། རབ་བྱུང་བཅུ་བཞི་པའི་ལྕགས་རྟ་ ༡༨༡༠ ལོར་འཁྲུངས། ཁམས་བྲག་གཡབ་ཚོགས་བརྒྱ་དགོན་པའི་སྤྲུལ་སྐུར་ངོས་བཟུང་བས་སྒྲུབ་སྤྲུལ་དུ་གྲགས། མཚན་དངོས་མི་ཕམ་ཕྲིན་ལས་རྒྱ་མཚོ་རྡོ་རྗེ་ཚེ་དབང་གྲུབ་པ་བསྟན་པའི་རྒྱལ་མཚན་ཞུ། མདོ་ཁམས་ལྔ་པ་སྒྲུབ་བརྒྱུད་ཉི་མ་རིགས་ཀྱི་བདག་པོར་བསྟེན་ནས་འབྲུག་ལུགས་གདམས་ངག་བཀའ་རྒྱ་ཅན་ལྔ་སོགས་སྨིན་གྲོལ་དཔག་མེད་གསན་བསམ་མཛད། གཞན་ཡང་རབ་འབྱམས་པ་བསོད་ནམས་རབ་འཕེལ། བེ་བླ་ཚེ་དབང་ཀུན་ཁྱབ་སོགས་རིས་མེད་ཀྱི་མཁས་གྲུབ་མང་པོ་བསྟེན་པས་མདོ་རྒྱུད་རིག་གནས་ཤེས་བྱ་ཇི་སྙེད་པར་མཁྱེན་པའི་སྣང་བ་རབ་ཏུ་རྒྱས། གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོར་གྱུར། བྲག་གཡབ་བྱམས་མདུན་དང༌། དབྱེན་འདུམ་གྱི་དགེ་འདུན་འདུས་པ་རྒྱ་མཚོར་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་བཤད་པ་གནང་སྟེ། སྔགས་རམས་ཆེན་མོ་ལོ་མང་དུ་བཞུགས། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་མཁས་པའི་བྱ་བ་རྒྱ་ཆེར་གནང༌། བདེ་མཆོག་གི་ཉེ་སྙིང་དུང་ཕྱུར་དྲུག་ལྗགས་བསྙེན་གནང་བས་མཚོན་སྒྲུབ་པ་ཉམས་བཞེས་མཛད་པས་མཁས་གྲུབ་གཉིས་ལྡན་དུ་གྱུར། མདོ་ཁམས་དྲུག་པའི་ཁྲི་གསོལ་ལ་ཕེབས་ཤིང༌། འཇམ་དཀར་རྗེས་གནང༌། སྐྱབས་སྡོམ་དང༌། སྔ་རྗེས་སུ་འཇའ་ཚོན་པོད་དྲུག དྭགས་པོ་དང་རྒྱལ་དབང་རྗེའི་བཀའ་འབུམ་སོགས་མང་ཙམ་ཕུལ། རྗེ་གོང་མ་ནས་བརྒྱུད་པའི་གདམས་པ་ཆ་ཚང་འབུལ་རྩིས་ཀྱང༌། དགོངས་པ་གཞན་དོན་དུ་གཤེགས་སྔ་བའི་དབང་གིས་ཁྲི་ལུང་རྒྱ་ཆེར་སྤེལ་ལོང་མ་བྱུང་བར། དགུང་ལོ་ཞེ་བདུན་པ་མེ་འབྲུག་ ༡༨༥༦ ལོར་ཞི་བར་གཤེགས་སོ། །སྐུ་མ་གཤེགས་པའི་སྔོན་དུ་ཆོས་མགོན་བདུན་པ་ཆོས་ཀྱི་ཉིན་བྱེད་ཀྱི་ཞབས་ལ་གཏུགས་ཤིང༌། གཤེགས་རྗེས་སུ་ཆོས་མགོན་བདུན་པ་ཚོགས་བརྒྱ་རིན་ཆེན་སྤུངས་པའི་གདན་སར་ཆེད་ཕེབས་གནང་ནས་དགོངས་རྫོགས་མཆོད་འབུལ་ལེགས་པར་བསྒྲུབས་སོ། །བསྟན་བཅོས་ཀྱང༌། སྙན་རྒྱུད་བདེ་མཆོག་བཅུ་གསུམ་མའི་བསྐྱེད་རིམ་གྱི་ཁྲིད་དོན་གསལ་ཟླ་ཚེས་གཞོན་ནུའི་འཛུམ་རླབས། སྙན་རྒྱུད་ལྷན་ཅིག་སྐྱེས་མའི་དབང་གི་མཚམས་སྦྱོར་གྲུབ་གཉིས་བདུད་རྩིའི་ཆར་རྒྱུན། མི་འཁྲུགས་པའི་ཆོག་འགྲེལ་རིན་ཆེན་བཻཌཱུརྻའི་སྒོ་འཕར་སོགས་མང་དུ་མཛད་པ་ལས། ཡོངས་གྲགས་སུ་གྱུར་པ་ནི་དགུང་གྲངས་སོ་དྲུག་པ་རབ་བྱུང་བཅུ་བཞི་པའི་ཤིང་སྦྲུལ་ ༡༨༤༥ ལོར་བརྩམས་པའི་གདམས་ངག་བཀའ་རྒྱ་ཅན་ལྔ་ཡི་བླ་མ་བརྒྱུད་པའི་རྣམ་ཐར་དད་གསུམ་ཆུ་གཏེར་འཕེལ་བྱེད་ངོ་མཚར་ཟླ་བའི་མེ་ལོང་ཞེས་པ་འདི་ཡིན། སློབ་མ་ནི་ཁམས་སྤྲུལ་དྲུག་པ་བསྟན་པའི་ཉི་མ། དྲུང་ཕྲིན་ལས་པ། མཚན་སྤྲུལ་གཉིས་པ་བསོད་ནམས་བསྟན་འཛིན། མཚན་ཉིད་བླ་མ་རབ་རྒྱས། རྟོགས་ལྡན་འཇམ་དཔལ། ཁྲོ་ཏམ་བླ་མ་བསྟན་པ། དྷིཿཕུ་བླ་རྒན་སྙན་གྲགས་སོགས་ཡིན་པར་གྲགས་སོ། ། |