97163
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྡོམ་གསུམ། ས་སྐྱ། ངོ་བོ་ནང་དུ་དེ་ཁོ་ན་ཉིད་རྟོགས་པས་ཀུན་ནས་བསླངས་པའི་ཕྱི་རོལ་ཏུ་ལུས་ངག་གཡོ་ཞིང་རྒྱུར་ཅི་འདོད་བྱེད་པའི་ཁྱད་པར་ལ་སྤྱོད་པ་ཞེས་བྱ་སྟེ། ལུས་དང། བཟའ་བ་དང། བཏུང་བ་དང། རྒྱན་ཆ་དང། གནས་དང། སྣོད་དང། སྤྱོད་པ་བྱེད་པའི་དུས་དང། གྲོགས་ལ་སོགས་པ་རྣམས་ལ། བཟང་ངན་གྱི་བླང་དོར་མེད་པར་ཅི་དགར་སྤྱོད་པའོ། །དབྱེ་བ་ནི། ཀུན་འདར་གྱི་སྤྱོད་པ་དང། ཀུན་ཏུ་བཟང་པོའི་སྤྱོད་པ་གཉིས་ལས། དང་པོ་ལ་མིང་གི་རྣམ་གྲངས། སྨྱོན་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་དང། རྒྱལ་བུ་གཞོན་ནུའི་སྤྱོད་པ་དང། གསང་སྤྱོད་ཅེས་བྱའོ། །གཉིས་པ་ལ་མིང་གི་རྣམ་གྲངས། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་དང། རྒྱལ་ཚབ་ཆེན་པོའི་སྤྱོད་པ་དང། འཇིག་རྟེན་པའི་མངོན་དུ་སྤྱོད་པ་ཞེས་བྱའོ། །ཅིའི་ཕྱིར་མིང་དེ་སྐད་དུ་བརྗོད་ཅེ་ན། འཇིག་རྟེན་པ་རྣམས་འཇིགས་ཤིང་ཀུན་འདར་རམ། ཀུན་འདར་གྱི་སྒྲ་ཨ་ཝ་དྷཱུ་ཏྭི་ཞེས་པ་གཉིས་སྤངས་ཞེས་བྱ་བར་ཡང་འགྱུར་བས་ན། བཟའ་བྱ་དང་བཟའ་བྱ་མ་ཡིན་པ་སོགས་བླང་དོར་གཉིས་སུ་མེད་པར་སྤྱོད་པས་ན་གཉིས་སྤངས། སྨྱོན་པར་བརྫུས་ཏེ་རིགས་ལ་སོགས་ལ་གསང་ནས་སྤྱོད་པས་ན་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང། རྒྱལ་ཚབ་ཆེན་པོའི་དྲོད་ཆེན་པོ་མ་ཐོབ་པས་ན་རྒྱལ་བུ་གཞོན་ནུའི་སྤྱོད་པ་དང། རྣལ་འབྱོར་པར་ཁས་མི་ལེན་པར་གསང་སྟེ་སྤྱོད་པས་ན་གསང་སྤྱོད་ཅེས་བྱའོ། །གཉིས་པ་ལ་སྣང་བ་ཐམས་ཅད་རང་གི་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོར་ཀུན་ཏུ་བཟང་པོར་རྟོགས་པས་ན་ཀུན་ཏུ་བཟང་པོ་དང་། རྣམ་ཤེས་དང་ཡེ་ཤེས་ཆ་མཉམ་པས་ན་གཞན་དོན་ཐོགས་མེད་ནུས་པས་ན་རྒྱལ་ཚབ་ཆེན་པོ་དང་། འཇིག་རྟེན་པས་མངོན་དུ་སྤྱོད་པས་ན་མངོན་སྤྱོད་ཅེས་བྱའོ། །དུས་དྲོད་ཆུང་ངུ་ཐོབ་ནས་ཀུན་འདར་གསང་སྟེ་སྤྱོད་པ་ཞེས་བྱ་བ་མཚན་མོའི་དུས་བཟའ་བྱ་དང་བཟའ་བྱ་མ་ཡིན་པ་གཉིས་སུ་མེད་པ་ལ་སོགས་པ་སྤྱོད་ལ། ཉིན་མོ་རང་གི་རིགས་དང་མཐུན་པར་སྤྱོད་དོ། །དྲོད་འབྲིང་པོ་སྐྱེས་པ་ན་ཀུན་འདར་མངོན་དུ་སྤྱོད་པ་ཞེས་བྱ་བ་རང་གི་ཡུལ་འཁོར་སྤངས་ཏེ་རིགས་ལ་སོགས་པ་གསང་ནས་སྤྱོད་པ་ཞེས་བྱ་བ་སྨྱོན་པར་བརྫུས་ཏེ་སྤྱོད་པ་ཡིན་ནོ། །དེས་དྲོད་ཆེན་པོ་འཇིག་རྟེན་ལས་འདས་པའི་ཟག་པ་མེད་པའི་ཡེ་ཤེས་ཐོབ་པ་ན། ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད་དོ། །རྟེན་དྲོད་ཐོབ་ཅིང་སེམས་ཅན་གྱི་དོན་དུ་ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་འདོད་པའི་ཆོས་གཉིས་དང་ལྡན་པ་ཞིག་གིས་སྤྱོད་པ་སྤྱད་པ་ཡིན་གྱི། གང་ཡང་རུང་བ་གཅིག་མ་ཚང་ན་མ་ཡིན་ནོ། །དགོས་པ་ཀུན་འདར་གསང་ནས་སྤྱོད་པའི་དགོས་པ་ནི། རང་གི་སེམས་ཀྱི་བརྟན་གཡོ་བརྟག་པའི་ཆེད་ཡིན་ལ། ཀུན་འདར་མངོན་དུ་སྤྱོད་པའི་དགོས་པ་ནི་གྲུབ་པའི་ས་དང་གྲོགས་དབང་དུ་བྱ་བའི་ཆེད་ཡིན་ཅིང་། ཀུན་ཏུ་བཟང་པོའི་སྤྱོད་པའི་དགོས་པ་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆེད་ཡིན་ནོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། ། |
| Domain | ཆོས་ལུགས། |