97334

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྔོན་ཆོག་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། མཚན་ཉིད་ནི། ཡུལ་གང་ཟག་གཅིག་གི་རྒྱུད་ལ་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་ཐོབ་བྱེད་ཀྱི་ཐབས་ཁྱད་པར་ཅན་གྱི་བདག་ཉིད་དུ་གཏོགས་པའོ། །སྔོན་ཆོག་གི་དབྱེ་བ་ནི་བརྒྱད་དེ། འདྲེན་པ་དང། རང་རྒྱལ་ནི་རབ་བྱུང་གིས་བསྙེན་པར་རྫོགས་པའི་ཚུལ་གཅིག་ཅིང། ཡེ་ཤེས་ཁོང་ཆུད་དང་། ཚུར་ཤོག་དང། སྐྱབས་འགྲོ་དང། སྟོན་པར་ཁས་བླངས་དང། དྲི་མཉེས་དང། ལྕི་ཆོས་སྤང་པ་དང། གསོལ་བཞིའི་ལས་ཀྱི་སྔོན་གྱི་ཆོ་གའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །སྔོན་གྱི་ཆོ་ག་ནི་མདོ་རྩ་ལས། དགེ་འདུན་ཐམས་ཅད་འདུས་པ་ན་ཆ་ལུགས་འདི་བཞིན་དུ་བྱས། རྒན་རིམ་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར། ཙོག་ཙོག་པུར་འདུག་ཅིང་གསོལ་བ་གདབ་པར་གྱུར་པ་གསུམ་དང་། གསོལ་བ་དང་བཞིའི་ལས་ཀྱིས་ཅིག་ཅར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་ཉེ་བར་བསྒྲུབས་པར་གྱུར་པ་ལྟ་བུ་ནི་སྔོན་གྱི་ཆོ་གའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་རྣམ་འགྲེལ་ལས་སོ། ། སྔོན་སྟོན་པ་སངས་རྒྱས་ཞལ་བཞུགས་པའི་དུས་སུ་གདུལ་བྱ་རྒྱུད་སྨིན་པ་རྣམས་རྗེས་སུ་བཟུང་བའི་ཆེད་དུ་གསུངས་པའི་ཆོ་གའི་རིགས་ཅན་ལ་སྔོན་ཆོག་ཅེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ལེགས་པར་བཤད་པའི་ཟླ་འོད་ནོར་བུ་ལས་སོ། །
Domain ཆོས་ལུགས།

{{#arraymap:སྔོན་ཆོག་

|; |@@@ | | }}

སྔོན་ཆོག་ (2)
Part of speech མིང་ཚིག
Definition དེ་ཡང་ལུང་ལས། སངས་རྒྱས་དང་རང་སངས་རྒྱས་རང་བྱུང་གི་བསྙེན་རྫོགས་དང་། ལྔ་སྡེ་བཟང་པོ་ཡེ་ཤེས་ཁོང་ཆུད་དང་། མཆོད་སྦྱིན་མ་འཕྲིན་གྱིས་དང་། འོད་སྲུང་ཆེན་པོ་སྟོན་པར་ཁས་བླངས་བ་དང་། གྲགས་པ་ལ་སོགས་པ་ཚུར་ཤོག་དང་། སྐྱེ་དགུའི་བདག་མོ་ལྕི་བའི་ཆོས་བརྒྱད་ཁས་བླངས་བ་དང་། བྲམ་ཟེ་པོ་ཏ་ཡ་ནའི་བུས་དྲིས་པའི་ལན་ལྡོན་པ་དང་། བཟང་སྡེ་ཚོགས་དྲུག་སྐྱབས་གསུམ་ཁས་བླངས་བ་དང་། གསོལ་བཞིའི་ལས་ཀྱིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་རྣམས་སྔོན་གྱི་ཆོ་གར་གསུངས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །

{{#arraymap:སྔོན་ཆོག་

|; |@@@ | | }}

སྔོན་ཆོག་ (3)
Part of speech མིང་ཚིག
Definition ད་ལྟར་གྱི་ཆོ་ག་ལ་མ་ལྟོས་པར་བསྒྲུབ་བྱ་བསྙེན་པར་རྫོགས་པར་བྱེད་པའི་ཆོ་ག་དེ། སྔོན་ཆོག་གི་མཚན་ཉིད། ཆོ་ག་འདིས་རབ་བྱུང་དང་བསྙེན་རྫོགས་ཅིག་ཅར་དུ་བྱེད་པའི་ཁྱབ་པ་མེད་དེ། རང་སངས་རྒྱས་དང་ལྔ་སྡེ་བཟང་པོ་ནི་སྔར་རབ་ཏུ་བྱུང་ནས་ཕྱིས་བསྙེན་པར་རྫོགས་པ་ཐོབ་པའི་ཕྱིར་དང། སྟོན་པ་སངས་རྒྱས་ནི་སྔར་བསྙེན་པར་རྫོགས་ནས་ཕྱིས་རབ་ཏུ་བྱུང་བའི་ཕྱིར། མཁན་སློབ་མེད་པའི་ཁྱབ་པ་ཡང་མེད་དེ། ཚུར་ཤོག་སོགས་ཀྱི་ཚེ་སྟོན་པ་སངས་རྒྱས་མཁན་པོ་ཡིན་པར་གྲུབ་ལ། གསོལ་བཞིའི་ལས་ཀྱིས་སྔོན་ཆོག་བྱེད་པའི་ཚེ། ལས་བྱེད་པ་པོ་དེེས་དོན་གྲུབ་པའི་ཚེ། སློབ་དཔོན་འགྱུར་བ་ལས་འོས་མེད་པའི་ཕྱིར་རོ། །དབྱེ་བ་ནི་སྔོན་གྱི་ཆོ་ག་བཅུ་སྟེ། རང་བྱུང་གཉིས་སོ་སོར་ཕྱེ་བ་དང། ཡེ་ཤེས་ཁོང་དུ་ཆུད་པ་དང། ཚུར་ཤོག་དང། སྟོན་པར་ཁས་བླངས་པ་དང། དྲི་བས་མཉེས་པ་དང། ལྕི་བའི་ཆོས་ཁས་བླངས་པ་དང་། འཕྲིན་དང། སྐྱབས་འགྲོ་ཁས་བླངས་པ་དང། གསོལ་བཞིའི་ཆོ་ག་རྣམས་སོ། །ཞེས་པཎ་ཆེན་ཤཱཀ་མཆོག་གིས་འདུལ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ལས་གསུངས་སོ། །

{{#arraymap:སྔོན་ཆོག་

|; |@@@ | | }}

སྔོན་ཆོག་ (4)
Part of speech མིང་ཚིག
Definition པཎ་ཆེན་བསོད་ནམས་གྲགས་པའི་བཞེད་པ་ལྟར་ན། སྟོན་པ་ཞལ་བཞུགས་ཀྱི་སྐབས་སུ་ཚེགས་ཆུང་ངུའི་སྒོ་ནས་རབ་བྱུང་དང་བསྙེན་རྫོགས་གཉིས་ཅིག་ཅར་ཏུ་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་གསོལ་བཞི་ལས་ཀྱི་ཆོ་ག་ཞིག པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཞི་པ་ཡོད་དེ། རབ་བྱུང་བསྙེན་རྫོགས་གཅིག་ཆར་དུ་ཉེ་བར་སྒྲུབ་པར་བྱེད་པའི་ཕྱིར། ཇི་སྐད་བཤད་པ་དེ་ལྟ་བུ་ནི་སྔོན་གྱི་ཆོ་ག་ཡིན་གྱི། གཞན་སྔོན་ཆོག་མང་པོ་མེད་པའི་ཕྱིར་ཏེ། ཊཱིཀྐ་ལས། སྔོན་གྱི་ཆོ་ག་ནི་རྣམ་པ་དེ་ལྟ་བུར་རིག་པར་བྱ་ཡི། གཞན་ནི་མ་ཡིན་ནོ། ཞེས་གསུངས། ཞེས་གསལ། དེའི་མཚན་ཉིད་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། སྔོན་ཆོག་གི་དེས་ན་ད་ལྟར་གྱི་ཆོ་གའི་སྔ་རོལ་དུ་གནང་བའི་གསོལ་བཞིའི་ལས་ཀྱི་ཆོ་ག་སྔོན་ཆོག་གི་མཚན་ཉིད། ཅེས་གསུངས།

{{#arraymap:སྔོན་ཆོག་

|; |@@@ | | }}