97978

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་ཚང་རས་པ་སྐུ་ཕྲེང་དང་པོ་ངག་དབང་རྒྱ་མཚོ་ (1)
Part of speech མིང་ཚིག
Definition སྟག་ཚང་རས་པ་སྐུ་ཕྲེང་དང་པོ་ངག་དབང་རྒྱ་མཚོ་མཆོག་ནི། མྱང་སྟོད་རྒྱལ་མཁར་རྩེའི་ཕོ་བྲང་གི་ཉེ་འདབས་སུ། འཁོན་མཐུ་བོ་ཆེའི་རྒྱུད་པ་ཡབ་མགོན་པོ་ཚེ་རིང་དང༌། ཡུམ་རིགས་བཟང་མའི་སྲས་སུ། རབ་བྱུང་བཅུ་པའི་ཤིང་ཁྱི་ ༡༥༧༤ ལོར་སྐུ་བལྟམས། མིང་ཚེ་དབང་ལྷུན་གྲུབ་བཏགས། ལོ་བདུན་ལ་འབྲི་ཀློག་ཚེགས་མེད་དུ་མཁྱེན། བཅུ་བཞི་པར་རྨི་ལམ་དུ་བུད་མེད་གཅིག་གིས། ཤར་དུ་སོང་ཟེར་བ་བཞིན། ཉི་ཤུ་པར་ལྷ་རྩེ་བའི་མདུན་དུ་གཙུག་ཕུད་ཕུལ། མཚན་ངག་དབང་རྒྱ་མཚོར་བཏགས། ལོ་གསུམ་ལྷག་རྣམ་རྒྱལ་ལྷུན་པོར་སྒྲིག་ཞུགས་མཛད། སྙན་བརྒྱུད་སོགས་དབང་ཁྲིད་མན་ངག་མཐའ་དག་ཐོབ། ངོ་སྤྲོད་རྣམས་མཛུབ་ཚུགས་མཛད་པས། གནས་ལུགས་ཀྱི་རྟོགས་པ་ཤར། ངག་དབང་རྣམ་རྒྱལ་ལས་ཆོས་དྲུག་སོགས་གསན། ལ་སྟོད་རྒྱལ་གྱི་ཤྲཱི། ཆུ་དབར། ཏི་སེ། གློ་ཆུ་མིག་བརྒྱ་རྩ་སོགས་སུ། མི་མ་ཡིན་གྱི་འགྲོ་བ་སྨིན་གྲོལ་ལ་བཀོད། ལྷ་རྩེ་བར་རྟོགས་པ་ཕུལ་བས། མི་རིང་བར་མཉམ་རྗེས་འདྲེས་ངེས་ཤིག་ཡོང་བར་འདུག་གསུང༌། བླ་མའི་བཀའ་བཞིན། ཀོང་པོ་ཤེ་ལའི་སྒྲུབ་སྡེའི་དབུ་མཛད་ཀྱི་འགན་བཞེས་ཏེ། དཀའ་སྤྱད་ཆེན་པོས་ལོ་བརྒྱད་སྒྲུབ་པ་མཛད། ཙ་རི་སྟག་ཚང་རོང་དུ། ལོ་གཅིག་བཅད་རྒྱར་བཞུགས་པས། སྟག་ཚང་རས་པར་གྲགས། ལྷ་རྩེ་བའི་དྲུང་དུ་བྱོན། སྔར་མ་གནང་བའི་མཁའ་འགྲོའི་སྙན་རྒྱུད་ཀྱི་ཆོས་སྐོར་བསྩལ་ནས། བཀའ་བབ་གཏད། རྒྱ་ནག་གླང་ཆེན་འགྱིང་རི་ཚུན་ཆད་ཕེབས། ཐུགས་ལ་ཙ་རི་རང་ལ་རྟག་བཞུགས་མཛད་བཞེད་ལ། བླ་མས་དེ་ཙམ་གྱིས་ཆོག བློ་སྟོབས་ཀྱང་མི་ཆུང་བ་འདུག་པས། སྟོད་གནས་དང་པུཥྤ་ཧ་རི་མཇོལ། གཙོ་བོ་བློ་རྩེ་ཨོ་རྒྱན་ལ་གཏད་ནས་སོང་གསུང༌། བཞི་བཅུ་པར་ས་སྐྱ། དིང་རི། གུ་གེ་གཞུང་ནས་ཤ་རམ་ལ་བརྒལ་ཏེ། ཡུལ་ཉེར་བཞིའི་ཛ་ལནྡྷ་ར་དང༌། ཁ་ཆེའི་ཡུལ་པུཥྤ་ཧ་རི་སོགས་མཇལ། ཞེ་གཉིས་པར་མངའ་རིས་ཟངས་དཀར་དང་། གར་ཞ་བརྒྱུད། ཨོ་རྒྱན་ཡུལ་དུ་བྱོན། དེར་ཛོ་ཀིའི་ཆས་སུ་བསྒྱུར་བས། མཚན་ཤྭ་མོ་ནཱ་ཐར་གྲགས། སྐུ་ཚེའི་སྨད་དུ་ལ་དྭགས་རྒྱལ་པོའི་མཆོད་གནས་སུ་བཞུགས་ཏེ། ཡུལ་ཁམས་ཆོས་ལ་བསྒྱུར། ལ་དྭགས་སྐྱབས་མགོན་ཞེས་གྲགས། ང་གཅིག་པར་ཝཾ་ལེར་བདེ་ཆེན་རྣམ་རྒྱལ་དང༌། ང་བདུན་པར་ཧེ་མི་བྱང་ཆུབ་ཆོས་གླིང༌། དོན་གཅིག་པར་ལྕེ་བདེ་དགོན་ཕྱག་བཏབ། ལ་དྭགས་རྒྱལ་སྲས་འབྲིང་པོ་སོགས་རབ་ཏུ་བྱུང་བ་ལྔ་བརྒྱ་ཙམ་ཚོགས། བླ་མ་སྟག་ཚང་རས་པ་དང༌། རྒྱལ་པོ་སེང་གེ་རྣམ་རྒྱལ་ཏེ། མཆོད་ཡོན་སྟག་སེང་ཞལ་སྤྲོད་ཅེས་ལ་དྭགས་ཀྱི་ཆོས་སྲིད་དར་བའི་ཚད་དུ་རྩི། ཤེལ་མཁར་ཕོ་བྲང་དུ་ཐུབ་ཆེན་ལ་རབ་གནས་མཛད། དོན་བརྒྱད་པ་ལྕགས་ཡོས་ ༡༦༥༡ ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ཉིན་གཟུགས་སྐུ་བསྡུས། སློབ་མ་ནི། ལ་དྭགས་ལྷ་བཙུན་དབང་པོའི་བྱང་ཆུབ། ལྷ་བཙུན་འཛམ་གླིང་གྲགས་པ། སློབ་དཔོན་དབོན་ཐར་པའི་ལམ་སྟོན། འབྲུག་པ་རྡོ་རྗེ། ཆོས་རྗེ་ངག་དབང་དོན་གྲུབ། བླ་མ་རིན་ཆེན་དོན་གྲུབ། དགེ་སློང་བསྟན་པ་དར་རྒྱས། བློ་གྲོས་རྣམ་རྒྱལ། ངག་དབང་ཡེ་ཤེས། བཛྲ་ཀྲོ་དྷ། ཧི་མ་ལ་སོགས་མང་པོ་དང༌། ཁྱད་པར་ཡོངས་འཛིན་གཉིས་པས་བཀའ་ཆོས་གསན་ཞིང་རྣམ་ཐར་བཻཌཱུརྻ་དཀར་པོའི་རྒྱུད་མངས་ཞེས་པའང་མཛད་དོ། །