98001

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་རྩེད་དགོན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ས་མོ་གླང་གི་ལོར་ཆོས་སྡེ་ཐོག་མར་ཆགས། ཀཿཐོག་དྲི་མེད་ཞིང་སྐྱོང་གིས་རབ་བྱུང་བཅུ་གསུམ་པའི་མགོ་ཙམ་མདོ་སྨད་ས་ཡི་ཐིག་ལེ་གསེར་རྟར། ཚོ་བ་སང་དགེ་དང་། ཁམས་ཚང་། སང་སང་གསུམ་གྱི་དབུ་བླར་གྱུར། ཁོང་གིས་ལུང་བསྟན་ལྟར་སང་སང་དཔོན་པོ་རྡོར་ཁོ་དང་ཁམས་ཚང་དཔོན་པོ་རིན་ཆེན་སོགས་ཀྱིས་དགོན་པ་བཞེངས་རྒྱུའི་འགན་དང་དུ་བཞེས་ནས་སྟག་རྩེད་བསམ་འགྲུབ་ཆོས་འཁོར་གླིང་གི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་ཐོག་མར་ཕྱག་བཏབ། དགོན་པ་བཞེངས་སྐབས་རྒྱབ་རིའི་ངོས་ལ་སྟག་གཉིས་རྩེད་ནས་འགྲོ་བཞིན་ཡོད་པས་དགོན་པའི་མིང་ལ་སྟག་རྩེད་བསམ་འགྲུབ་ཆོས་འཁོར་གླིང་ཞེས་གྲགས། གཞི་ཆེན་སྐྱབས་མགོན་རིག་འཛིན་འཇམ་དཔལ་རྡོ་རྗེས་གདན་ས་བསྐྱངས། དུས་མཆོད་ནི་བོད་ཟླ་དང་པོའི་ནང་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་སྒྲུབ་མཆོད་ཉིན་བརྒྱད། གཉིས་པར་མཆོད་པའི་ཉིན་གསུམ། བཞི་པར་པདྨ་འོད་འབར་གྱི་ཚེས་བཅུ་གར་འཆམ་དང་བཅས་ཉིན་བརྒྱད། ལྔ་པར་རབ་གནས་ཉིན་གསུམ། དྲུག་པའི་ཟླ་དཀྱིལ་ནས་ཟླ་བ་ཕྱེད་གཉིས་རིང་དབྱར་གནས། བརྒྱད་པར་སྟོན་གསོལ་ཉིན་བཞིན། བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་ནས་ཕུར་པ་ཟླ་སྒྲུབ། ཆོས་སྐྱོང་རྒྱུན་བཅོལ་བྱེད་པ་སོགས་མཆིས། རྗེས་ནས་གཞི་ཆེན་སྐྱབས་མགོན་གྱི་རྣམ་སྤྲུལ་དུ་གྲགས་པའི་སྤྲུལ་སྐུ་དབང་པོ་དང་དབོན་པོ་ཐུབ་ཆོས། བླ་མ་ཡོན་བཟང་སོགས་ཀྱིས་སྟག་རྩེད་བསམ་འགྲུབ་ཆོས་འཁོར་གླིང་གི་རྟེན་དང་བརྟེན་པ་བཅས་བསྐྱར་བཞེངས་བྱས།དགེ་འདུན་པ་བརྒྱ་ཕྲག་ལ་ཉེ་བ་ཙམ་གྱིས་སྔར་སྲོལ་དུས་མཆོད་རྣམས་འཚོགས་བཞིན་ཡོད།