98021
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བཀའ་བརྒྱུད་པའི་ནང་གསེས་ཤིག་སྟེ། བདེ་གཤེགས་ཕག་མོ་གྲུ་པའི་ཐུགས་སྲས་མོས་གུས་མཐར་ཕྱིན་ཐང་པ་བཀྲ་ཤིས་དཔལ་གྱིས་ཕྱི་ལོ་༡༡༨༠ ཐམ་པའི་ལོར་སྟག་ལུང་ཐང་དུ་ཆོས་སྡེ་ཕྱག་བཏབ་པ་ནས་བཟུང་། བླ་མའི་མཚན་ལ་སྟག་ལུང་ཐང་པ་དང་། ཁོང་གི་ཆོས་བརྒྱུད་ལ་སྟག་ལུང་བཀའ་བརྒྱུད་པ་ཞེས་འབོད་ཅིང་། ཐབས་ལམ་ན་རོ་ཆོས་དྲུག་དང་ཐབས་བྱུང་ཕྱག་བརྒྱ་ཆེན་པོ་ཉམས་བཞེས་ཐོག ཇོ་བོ་བཀའ་གདམ་པའི་ལུགས་ཀྱི་བློ་སྦྱོང་དང་། ལྷག་པར་དུ་དྭགས་ལུགས་བདེ་མཆོག་མཁའ་འགྲོའི་སྙན་བརྒྱུད་རྩལ་བཏོན་མཛད་པའི་སྒྲུབ་བརྒྱུད་རིང་ལུགས་རིང་ལུགས་འཛིན་པ་ཞིག་ཡིན་ལ། རིང་ལུགས་འདིའི་གྲུབ་མཐའི་ཁྱད་པར་ནི། ཕྱི་སྣང་བ་ཐམས་ཅད་སེམས་སུ་འདུས་ཤིང་། སེམས་ཉིད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་དུ་ཡང་མི་མངའ་བའི་འོད་དུ་གསལ་བ་འདོད་ཅིང་། སྣང་བ་སེམས་སུ་འདུས་པ་བཞེད་ཀྱང་སྣང་གཞི་སེམས་སུ་འདུས་པ་མི་འདོད། བདེ་སྟོང་མེད་དགག་ཙམ་ནི་གནས་ལུགས་ཡིན་ཀྱང་མཐར་ཐུག་གི་གནས་ལུགས་སུ་མི་བཞེད་དེ། ཆོས་རྗེ་སྟག་ལུང་པའི་ཞལ་གདམ་ཚོགས་ཆོས་སུ་གསུངས་པ་ལས། མཚན་ཉིད་པས་གཅིག་དང་དུ་བྲལ་གྱི་དོན་སྟོང་སྟོང་པོར་བློ་ཡུལ་དུ་བཞགས་པ་དེས་དོན་མི་ཐོབས། འོན་ཀྱང་རྒྱུ་འབྲས་ཁྱད་གསོད་མི་བྱེད་ན་དེ་ཉིད་ཐར་པའི་ལམ་ཡིན་ཞེས་གསུངས་པའི་ཕྱིར་རོ། །མདོར་ན་གཞི་ཐ་མལ་གྱི་ཤེས་པ་ལེགས་པར་གཏན་ལ་ཕབས་ཏེ་ལམ་ཐབས་གྲོལ་གཉིས་ལ་བརྟེན་ནས་འབྲས་བུ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱེད་པ་ནི་སྤྱིར་བཀའ་བརྒྱུད་ཡོངས་དང་དགོས་སུ་སྒྲུབ་བརྒྱུད་འདིའི་ཁྱད་ཆོས་སུ་མཐོང་ངོ་། ། |