98023
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དྲུག་པའི་ས་ཕག་ཕྱི་ལོ་༡༣༥༩ ལོར་ཡབ་ཀུན་དགའ་བཤེས་གཉེན་དང་། ཡུམ་འཇམ་དཔལ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དྲུག་པར་སློབ་དཔོན་སྒོམ་པ་རིན་གཞོན་ལས་ཡི་གེའི་འབྲི་ཀློག་སྦྱངས། བཅུ་གཅིག་པར་སློབ་དཔོན་རིན་ཆེན་དཔལ་བ་ལས་རྒྱུད་གསུམ་མན་ངག་དང་། བརྟག་གཉིས། སྤྱོད་འཇུག ཤེས་རབ་བརྒྱ་པ་སོགས་མང་དུ་གསན། བཅུ་བདུན་པར་ཆོས་རྗེ་ནམ་མཁའ་དཔལ་བཟང་པོས་མཁན་པོ་དང་། གནས་བརྟན་རིན་ཆེན་འོད་ཀྱིས་ སློབ་དཔོན་མཛད་དེ་རབ་ཏུ་བྱུང། མཚན་ལ་བཀྲ་ཤིས་དཔལ་བརྩེགས་ཉི་མའི་དབང་པོ་སྲུང་བའི་གོ་ཆ་ཞེས་གསོལ། བླ་མ་ཆོས་དབང་གཉིས་པ་ལས་དུས་འཁོར་གྱི་དབང་ཡོངས་རྫོགས་གསན། ནཱ་རོ་ཆོས་དྲུག་དང་། ཕྱག་རྒྱ་ཆེན་པོ་སོགས་པའང་གསན། ཆོས་རེ་ནམ་མཁའ་དཔལ་བཟང་ལས་བཀའ་བརྒྱུད་ཀྱི་ཆོས་སྐོར་དང་། སྦྱོར་དྲུག་གི་ཁྲིད་རྣམས་ཞུས། ཤ་བ་རའི་སྦྱོར་དྲུག ཆོས་རྗེ་བསོད་ནམས་རྒྱལ་མཚན་ལས་སྦྱོར་དྲུག གསང་འདུས་རིམ་ལྔའི་ཁྲིད་དང་། ནག་ཁྲིད་སྐོར། དམར་ཁྲིད། དབུ་སེམས་ཀྱི་སེམས་བསྐྱེད། བློ་སྦྱོང་དོན་བདུན་མ། གཤེད་དམར་ཤིན་ཏུ་སྤྲོས་མེད། ལམ་འབྲས། གཅོད་ཡུལ་སོགས་མང་དུ་གསན། བཅོ་བརྒྱད་པ་རབ་བྱུང་དྲུག་པའི་མེ་འབྲུག་ཕྱི་ལོ་༡༣༧༦ ལོར་སྟག་ལུང་དགོན་པའི་གདན་སར་ཕེབས། ཉི་ཤུ་བར་ལྷ་སར་ཕེབས། ལོ་ཆེན་བྱང་ཆུབ་རྩེ་མོས་མཁན་པོ་དང་། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་སློབ་དཔོན། ལོ་ཙཱ་བ་ནམ་མཁའ་བཟང་པོས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ལས་གསང་འདུས་དམར་ཁྲིད་དང་། དུས་འཁོར་རྒྱུད་འགྲེལ། དུས་ཞབས་སྙན་བརྒྱུད། ཡུ་མོའི་སྒྲོན་གསལ་བཞི། ཡེ་ཤེས་སྤྱན་སྒྲུབ། ཉི་ཟླ་སྒྲུབ་པ། དཔེ་མེད་འཚོའི་སྦྱོར་དྲུག མན་ལུངས་པའི་སྦྱོར་དྲུག གསང་འདུས་ཀྱི་སྦྱོར་དྲུག བུའི་སྦྱོར་དྲུག གདན་བཞིའི་འགྲེལ་བ། བཀའ་གདམས་ཀྱི་ལམ་རིམ་སོགས་མཐའ་ཡས་པ་གསན། དངུལ་གྱི་གདུང་ཁྲུ་གང་པ་དང་། ལྷ་ཆེན། གསུང་རབ་མང་པོ་རྣམས་ལེགས་པར་བཞེངས། རྭ་སྒྲེང་དང་། ཕག་གྲུ། ཡེར་པ། ཚལ་པ། དྭགས་ལྷ་སྒམ་པོ། ཀོང་པོ། བསམ་ཡས། སྣེ་གདོང་། མཆིམས་ཕུ། ཁྲ་འབྲུག རྩེད་ཐང་། ཚོང་འདུས། སྟག་ལུང་བྲག་མགོ གླང་ཐང་། རྒྱ་བྲ། མེན་ཞང་། ཡང་དགོན་སོགས་སུ་ཕེབས། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་སྐོར། གོང་མ་རྒྱལ་པོ་ཡེ་དབང་གིས་གུ་ཤྲཱིའི་ལས་ཀ་དང་དངུལ་གྱི་ཐ་མ་ཁ་བཅས་ཕུལ། གདན་སར་ལོ་ཞེ་བདུན་རིང་བཞུགས། ཆོས་རྗེ་བྱང་ཆུབ་རྒྱ་མཚོ་གདན་སར་མངའ་གསོལ། རེ་དྲུག་པ་རབ་བྱུང་བདུན་པའི་ཤིང་འབྲུག་ཕྱི་ལོ་༡༤༢༤ ལོར་སྐུ་གཤེགས། སྟག་ལུང་དགོན་པའི་གདན་རབས་དགུ་པ་ཡིན། མཚན་གཞན། ཆོས་རྗེ་བཀྲ་ཤིས་དཔལ་བརྩེགས། |