98028
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་ལུང་ལུང་བཀའ་བརྒྱུད་པའི་རྩ་བའི་གདན་ས་སྟེ། ཕྱི་ལོ་ ༡༡༨༠ ཐམ་པའི་ལོར་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱིས་ཕྱག་བཏབ། སྔོན་དུས་སུ་བན་བདུན་སྟོང་ཙམ་འདུས་བར་གྲགས་ཤིང་། གྲྭ་གླིང་གཉིས་སྟེ་གྲྭ་ཚང་དང་གླིང་ཞེས་པའི་གྲྭ་ཚང་ཆེན་པོ་གཉིས་དང་གླིང་ལའང་ནང་གསེས་ཁང་ཚན་ཁ་ཤས་བཅས་ཡོད་པ་དང་། ད་བར་གདན་རབས་སོ་གསུམ་བྱོན་ཟིན། གདན་རབས་ཉེར་བཞིའི་བར་སྟག་ལུང་གྭ་ཟིའི་གདུང་གི་དབོན་བརྒྱུད་ཞབས་དྲུང་རིམ་བྱོན་གྱིས་བསྐྱངས་པ་དང་། དེ་ནས་ནང་འཁྲུགས་བྱུང་སྟེ། ས་ལུག་ཕྱི་ལོ་ ༡༦༧༩ ལོ་ནས་ལྕགས་བྱི་ཕྱི་ལོ་ ༡༧༢༠ ལོའི་བར་དགོན་པ་གཞུང་བཞེས་ཀྱིས་སེར་བྱེས་གྲྭ་ཚང་ནས་ཁ་འཛིན་མཁན་ཐོག་བཞི་བཏང་བ་དང་། ནང་ནས་བསྐོས་པའི་མཁན་ཐོག་གསུམ་བཅས་མཁན་གཞུང་བསྐོས་བཞི་དང་ནང་བསྐོས་གསུམ་བཅས་བསྡོམས་མཁན་ཐོག་བདུན་གྱིས་མི་ལོ་ཞེ་གཉིས་རིང་དོ་དམ་བྱས་ཀྱང་། བདག་སྐྱོང་ཚུལ་བཞིན་མ་བྱུང་བས་ཉམས་ཆག་ཆེ་ཙམ་བྱུང་ཡོད། དེ་ནས་བཟུང་རེ་ཞིག་གྭ་ཟིའི་གདུང་བརྒྱུད་ལས་བྱུང་བའི་སྟག་ལུང་གི་ཁྲི་པའི་རྒྱུད་ཆད་པ་དང་། སྟག་ལུང་སྡེ་པ་ཞེས་དར་སྤྲས་རོང་གསུམ་ལ་དབང་བསྒྱུར་བའི་སྲིད་དབང་དེ་ཉིད་ཀྱང་ལྷ་སའི་ཉེ་འདབས་ཀྱི་སྡེ་པ་རག་ཤུལ་གྱི་གཞིས་ཀར་འཕོས་ཤིང་། རིམ་བཞིན་གཞུང་སའི་རུ་དཔོན་བྱས་པའི་རྗེས་སུ་སྡེ་དཔོན་མདོ་མཁར་བས་བདག་གཉེར་མཛད་པས་མདོ་མཁར་རག་ཁ་ཤག་གི་གཞིས་ཀ་ཞེས་གྲགས། འོ་ཇོ་ཞབས་དྲུང་བཀྲ་ཤིས་ཆོས་རྒྱལ་དང་རྩེ་ཞབས་དྲུང་ངག་གི་དབང་ཕྱུག་གཉིས་ཀྱི་ཡང་སྤྲུལ་ངོས་འཛིན་གྱིས་བཀྲ་ཤིས་ཆོས་རྒྱལ་གྱི་སྤྲུལ་སྐུ་ཀུན་གཟིགས་བསྟན་འཛིན་རྣམ་རྒྱལ་གདན་སའི་ཁྲི་ལ་བསྐོས་པ་ནས་བཟུང་སྤྲུལ་སྐུས་ཁྲི་འཛིན་གྱི་ལམ་སྲོལ་ཚུགས་ཤིང་། དེ་ནས་ད་བར་སྤྲུལ་སྐུ་གཉིས་དང་གདུང་བརྒྱུད་རེས་མོས་ཀྱིས་གདན་ས་བསྐྱངས་སྲོལ་ཡོད་པ་རེད། རྗེ་བསྟན་འཛིན་རྣམ་རྒྱལ་གྱིས་ཐབས་མཁས་ཀྱི་སྒོ་ནས་རང་དགོན་རང་བདག་གཙང་མ་བཞེས་པ་དང་། སྨིན་གྲོལ་གྱི་གདམ་པའི་ཕྲིན་ལས་རྒྱ་ཆེར་སྤེལ་ཏེ་སྟག་ལུང་པའི་ཆོས་སྲིད་ཀྱི་བསྟན་པ་ གཉིས་ཀ་སླར་གསོས་པས། ཕྱི་དར་བསྟན་པའི་གསལ་བྱེད་དུ་བགྲང་ངོ་།། ཞིབ་པར་མཁྱེན་འདོད་ན་སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ་དང་། དཔལ་སྟག་ལུང་པའི་ཆོས་སྲིད་ཀྱི་འབྱུང་བ་བརྫོད་པ་ངོ་མཚར་ཀུན་གསལ་མེ་ལོང་སོགས་ཀྱིས་མཚོན། ཆོས་འབྱུང་དང་རྣམ་ཐར་ཁག་ལ་གཟིགས་པར་མཛོད།། །། |