98029

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་ལུང་རྡོ་རྗེ་གདན་ (1)
Part of speech མིང་ཚིག
Definition སྟག་ལུང་བཀའ་བརྒྱུད་པའི་རྩ་བའི་གདན་ས་ཡིན། དེ་ཡང་བོད་ཡུལ་འདིར་བདེ་བར་གཤེགས་པའི་ཞབས་ཀྱི་མ་བཅག་མོད། གནས་འདིར་བདེ་བར་གཤེགས་པའི་སྐུ་ཚབས་སངས་རྒྱས་དངོས་ཀྱི་ཚེམས་མཆེ་བ་གསུམ་པ་གཞུགས་པའི་གནས་ཡིན་པས་ན་སྟག་ལུང་རྡོ་རྗེ་གདན་ཞེས་བཏགས་སོ། །དེ་ཡང་སྙིང་རྗེ་པད་དཀར་གྱི་མདོ་ལས། ཀུན་དགའ་བོ་ང་མྱང་ངན་ལས་འདས་པའི་རྗེས་བྱང་ཕྱོགས་ཀྱི་རྒྱུད་ན། གྲོང་ཁྱེར་ཤིང་ཀུན་ཞེས་བྱ་བ་ཞིག་ཡོད་པར་གྱུར་ཏེ། དེར་ངའི་མཆེ་བ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུགས་པ་དང་། སིལ་སྙན་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་བ་དན་ལ་སོགས་པ་དང་། གོས་དང་། དངུལ་དང་། གསེར་དང་། རིན་པོ་ཆེ་སྣ་ཚོགས་པ་རྣམས་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་པར་འགྱུར་རོ། ཀུན་དགའ་བོ་ངའི་མཆོད་རྟེ་དེ་ཡང་གསེར་གྱིས་བརྒྱན་པར་འགྱུར་རོ། ཞེས་ལུང་བསྟན་པ་ལྟར། སངས་རྒྱས་མྱང་ངན་ལས་འདས་རྗེས་གདུང་སྦྱངས་པའི་སྐབས་ཚེམས་མཆེ་བ་བཞི་བྱུང་བ་ལས། དང་པོ་རྩ་གསུམ་ལྷ་ཡུལ་དང་། གཉིས་པ་ཚིགས་འཛིན་གྲོང་ཁྱར་ཡིད་འོང་ན། གསུམ་པ་ཀ་ལིང་རྒྱལ་པོ ། བཞི་པ་གྲོང་ཁྱེར་སྒྲ་སྒྲོག་ཀླུ་ཡི་རྒྱལ་པོ་བཅས་ཀྱི་མཆོད་གནས་སུ་ཁྱེར་བ་ལས། གསུམ་པ་ཀ་ལིང་ཀའི་རྒྱལ་པོའི་མཆོད་གནས་སུ་བཞུགས་པ་དེ་ཉིད་དཔལ་ཆེན་རྒྭ་ལོ་ཙྭ་བས་རྫུ་འཕྲུལ་གྱིས་བླངས་པ་དཔལ་སྟག་ལུང་ཐང་པའི་ཕྱག་ཏུ་བྱུང་ཞིང་། གདན་རབས་གཉིས་པ་སྐུ་ཡལ་རིན་ཆེན་མགོན་པོས། ཚེམས་ཉིད་སྙིང་པོར་བཞུགས་སུ་གསོལ་བའི་གསེར་གྱི་མཆོད་སྡོང་སྐུ་འབུམ་བྱང་མ་གྲགས་པ་བསྐྲུན་ཏེ། ཀུན་བཟང་མཆོད་སྤྲིན་གྱིས་རྒྱུད་མར་སྲི་ཞུ་མཛད་པ་ཉིད་ལུང་དུ་བསྟན་པར་གསུངས་ལ། དེ་ཡང་ཀ་བཞིའི་རྒྱ་ཁྱོན་ཅན་གྱི་ཁང་བཟང་ཉིས་ཐོག་མའི་ནང་དུ་བྱང་ཆུབ་མཆོད་རྟེན་ནང་དུ་སྨན་འདམ་དང་ཕྱི་རུ་གསེར་ལྗང་བརྡུངས་ཀྱིས་བཏུམས་ཤིང་། བུམ་དབུས་ཀུན་དགའ་རྭ་བའི་ནང་དུ་རྟེན་གྱི་གཙོ་བོ་བདེ་གཤེགས་ཀྱི་ཚེམས་མཆེ་བ་གསུམ་པ་ཉིད་བཞུགས་སུ་གསོལ་བ་ལ་བུམ་ཁོག་དུ་རྫོགས་་པའི་སངས་རྒྱས་ཀྱི་སྐུ་འབུམ་ལས་གྲུབ་པས་མཚན་ཡང་སྐུ་འབུམ་མཆོད་སྡོང་མཐོང་གྲོལ་ཆེན་མོ་ཞེས་གསོལ་ཞིང་། སྐྱེས་མཆོག་རིན་ཆེན་མགོ་པོ་ཉིད་ཀྱིས་རབ་གནས་མེ་ཏོག་གཏོར་བའི་ཚེ་མཆོད་སྡོང་ནས་རིང་བསྲེལ་དཀར་མོའི་ཆར་བབས་ཏེ། ས་ལ་ཁ་བ་སྲབ་མོ་ཆགས་པ་་ལྟར་བྱུང་བའི་ངོ་མཚར་བའི་གཏམ་རྒྱུད་སྲིད་ན་གྲགས་པ་ཅན་དེ་ཉིད་གནས་འདིར་ལོ་ངོ་བདུན་བརྒྱ་ལྷག་ཙམ་རིང་། དད་ལྡན་རྣམས་ཀྱི་མཆོད་གནས་སུ་བཞུགས་མོད། ཕྱི་ལོ་༡༩༦༢་ལོར་རིག་གནས་གསར་བརྗེའི་ལས་འགུལ་གཡོ་འཁྱོམ་གྱི་དུས་ཀྱི་འཕོ་འགྱུར་ཁྲོད་མཆོད་སྡོང་ལ་གཏོར་བཤིག་ཐེབས་ཤིང་། སངས་རྒྱས་ཀྱི་ཚེམས་དེ་ཡང་། ད་ལྟ་ཚེ་ལས་འདས་ཟིན་པའི་མི་ཞིག་གིས་རི་ལ་སྦས་པའི་གཏམ་བརྒྱུད་ཙམ་ལས་གཏན་དུ་མི་མངོན་པར་བོར་བརླག་ཏུ་སོང་ཡོད།

{{#arraymap:སྟག་ལུང་རྡོ་རྗེ་གདན་

|; |@@@ | | }}