98042
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི། བོད་མདོ་ཁམས་སྡེ་དགེའི་ཕྱོགས་སུ་རབ་བྱུང་བཅུ་གཉིས་པའི་ནང་ཙམ་དུ་འཁྲུངས། ལྷོ་འབྲུག་བྱམས་མགོན་ངག་དབང་རྒྱལ་མཚན་མཆོག་གི་ཡང་སྲིད་ཡིན་པར་གྲགས། སྐྱེ་སྔོན་ལས་འཕྲོ་བཟང་པོའི་མཐུར་བརྟེན། གཞོན་ནུ་ནས་ཆོས་ལ་བགས་ཆགས་བཟང་པོ་སད་ནས་དགུང་ལོ་དགུ་ལ་བོད་ཡུལ་དབུས་སུ་ཕེབས། རྒྱལ་དབང་ཀརྨ་པ་བདུད་འདུལ་རྡོ་རྗེའི་མདུན་དུ་གཙུག་ཕུད་ཕུལ་ཏེ་རབ་ཏུ་བྱུང༌། རྒྱལ་བ་རྒྱ་མཚོའི་དབང་དང་བཀའ་ཆོས་གསན། གནས་ནང་དཔའ་བོ་གཙུག་ལག་དགའ་བ་ལ། སེམས་ཁྲིད་ཞུས་པས་ཉམས་རྟོགས་བཟང་པོ་འཁྲུངས། རྒྱལ་དབང་འབྲུག་པ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ལ་བཀའ་ཆོས་མང་པོ་ཞུས། གཞན་ཡང་རིས་སུ་མ་ཆད་པའི་བླ་མ་དུ་མ་བསྟེན། དེ་ནས་སྟོད་ཀྱི་གངས་མཚོ་རྣམས་མཇལ་ཅིང༌། མངའ་རིས་གུ་གེ་བརྒྱུད་གར་ཞ་ལ་བྱོན་པའི་ཚེ། ཟངས་དཀར་དུ་བླ་མ་བཞད་པ་རིན་པོ་ཆེའི་མཚན་གསན་མ་ཐག་དད་པའི་སྤུ་ལོང་གཡོས་ཏེ་རིངས་སྟབས་ཀྱིས་ཕེབས། རྫོང་ཁུལ་གྲོག་མཐའ་ཞེས་པར་བླ་མ་དང་མཇལ། ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང༌། དེར་ལོ་གཉིས་ཀྱི་རིང་བཞུགས་ནས་འབྲུག་ལུགས་ཀྱི་ཁྲིད་དབང་ལུང་རྣམས་གསན། ཛ་ལན་དྷ་ར་སོགས་སུ་སྐོར་གཅིག་བྱོན་ཏེ། ཆོ་འཕྲུལ་དྲག་པོ་བྱུང་ཡང་རོ་སྙོམས་ཀྱི་རྟོགས་པའི་བོགས་ཐོན། རིམ་གྱིས་ཅམ་འབེ་བརྒྱུད་སླར་ཟངས་དཀར་དུ་ཕེབས་ནས་བསྲེ་འཕོ་སོགས་གདམས་ངག་ཆ་ཚང་གསན། དེ་ནས་ལྷོ་བྲག་མཁར་ཆུར་ཕེབས་ཤིང༌། དེར་རྟག་ངུའི་བཅུད་ལེན་ལ་བརྟེན་ནས་ཡུན་རིང་བཞུགས་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། གཞན་ཡང་དབུས་གཙང༌། མངའ་རིས། བལ་ཡུལ་སོགས་ཀྱི་གཉན་ཁྲོད་རྣམས་སུ་བྱོན་བཞུགས་མཛད་དེ། རྟོགས་པ་རྐྱེན་དང་བསྲེས་ནས་རོ་སྙོམས་ཀྱི་གདེང་ཐོབ། བླ་མ་གཤེགས་རྗེས་བུ་སློབ་རྣམས་ཀྱིས་ཟངས་དཀར་དུ་བཞུགས་དགོས་པའི་ཞུ་བ་ནན་ཆེའི་ངོར། དེར་སློབ་མའི་ཚོགས་ལ་དགུན་དུས་སུ་ཕྱག་ཆེན་གྱི་ཁྲིད་གནང་ཞིང༌། སྟག་ཚོགས་རི་ཁྲོད་དུ་སྔོན་རྗེས་སུ་ལོ་བཅུ་གསུམ་ཙམ་ལ་བཅད་རྒྱར་བཞུགས་པར་གྲགས། ཕྱག་རྒྱ་ཆེན་པོ་བདེན་གཉིས་དབྱེར་མེད་ཀྱི་བསྟན་བཅོས་ལྷན་ཐབས་དང་བཅས་པ་མཛད། དེ་ནས་ཁ་ཆེ་དང༌། ཟངས་དཀར་གྱི་རྒྱལ་བློན་མང་པོས་ཀྱང་ཞབས་ཏོག་བླ་ན་མེད་པ་ཕུལ། མཚན་ལྡན་གྱི་གཟུངས་མ་པུཎྱེའི་མིང་ཅན་ལས་རྒྱར་བསྟེན་པས། རིགས་ཀྱི་མྱུ་གུ་བདེ་མཆོག་དོན་གྲུབ་སོགས་སྤེལ། དེ་ལྟར་རྫོང་ཁུལ་ནཱ་རོའི་གདན་ས་གཙོ་བོར་གྱུར་པའི་ཕྱོགས་གང་སར་སྨིན་གྲོལ་ཆོས་ཀྱི་ཚིམ་པར་མཛད་ནས་མཐར། ལྕགས་རྟ་ ༡༨༡༠ ལོའི་ཟླ་བ་བདུན་པའི་ཚེས་ཤིག་ལ་ཞི་བར་གཤེགས་སོ། །ཞལ་སློབ་ནི། རི་ཤོད་འཕགས་པ། སངས་རྒྱས་ཕུན་ཚོགས། ག་ག་མགོན་པོ། ཨ་ཡུམ་ཤཱཀྱ་ཆོས་སྒྲོན། ཨ་ཡུམ་ཚེ་རིང༌། ཆོས་མཛད་བདེ་ཆེན་སྐལ་བཟང༌། ཟངས་དཀར་རྒྱལ་པོ་འཆི་མེད་རྣམ་རྒྱལ། གཅེས་མ་རྒྱལ་མོ། དངུལ་སྦི་བཀའ་བློན་བ་ཟིར་སོགས་མང་ངོ༌། ། |