98074

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟན་གཉིས་པ་བྱེད་པའི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་བྱེད་དུ་བཅུག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆོ་ག་མི་ཤེས་པ་དང་། དོན་དང་བྱ་བ་མང་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྟན་སྔ་མ་བྱས་ནས་ལོ་དྲུག་མ་ལོན་པར་གླིངས་པའི་སྟན་རང་ངམ་བསྐོས་པའི་ཟིན་པར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་བསྒྲུབ་པའི་དངོས་པོ་དང་། གང་གིས་སྒྲུབ་པའི་རྟེན་ནོ། དང་པོ་ལ་དྲུག་ལས་སྟན་གྱི་རྒྱུ་མཚན་ཉིད་དང་ལྡན་པར་ཡིན་པ་སྟེ། སྐབས་ཀྱིས་གྲུབ་བོ། །གསར་པ་ཡིན་པ་དང་། བདག་པོ་རང་ཉིད་ཀྱི་ཡིན་པ་དང་། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་སྟེ། དེ་གསུམ་ནི་སྔར་སྲིན་བལ་གྱི་སྐབས་སུ་བཤད་པ་བཞིན་ནོ། །རུང་བ་དང་ཚད་དང་ལྡན་པའོ། །གཉིས་པ་གང་གིས་སྒྲུབ་པའི་རྟེན་ལ་གསུམ་སྟེ། ལོ་དྲུག་སྟན་གྱི་གནང་བ་མ་ཐོབ་པ་དང་། སྟན་གཞན་ཡོད་དམ་མེད་ཀྱང་རང་དགར་བཏང་བ་དང་། སྟན་སྔ་མ་བྱས་ནས་ལོ་དྲུག་མ་ལོན་པ་སྟེ། གནང་བ་མ་ཐོབ་པ་གཞན་ཡོད་པའམ་རང་དགར་གཏང་བས་ལོ་དྲུག་མ་ལོན་པར་ཞེས་གསུངས་སོ། ། བསམ་པའི་ཡན་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་སྟན་ཕྱི་མ་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་གིས་སམ་གཞན་ལ་ངག་གིས་བསྐོས་པས་གླིངས་པའི་སྟན་ཕྱི་མ་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་བཀྲམ་པ་རྫོགས་པའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། འདི་ལ་བཞི་ལས། གླིངས་བའི་སྟན་གསར་པ་ཡིན་པ་དམན་པ་དང་མ་འདྲེས་པ། རང་གི་ཡིན་པ་སྔར་གཞན་གྱིས་བཟོ་རྩོམ་མ་བྱས་པའོ། །བདག་ཉིད་སྟན་གཞན་ཡོད་པའམ་རང་དགར་བཏང་བ། གནང་བ་མ་ཐོབ་པ། སྟན་སྔ་མ་བྱས་ནས་ལོ་དྲུག་མ་ལོན་པའོ། །ཀུན་སློང་སྟན་ཕྱི་མ་བྱེད་པར་འདོད་པའོ། །སྦྱོར་བ་རང་ངམ་གཞན་གྱིས་རྩོམ་པའོ། །མཐར་ཐུག་བཀོད་དེ་བཀྲམ་པ་ཡོངས་སུ་རྫོགས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། ། དགེ་སློང་གིས་སྟན་སྔ་མ་བརྩམས་ནས་ལོ་དྲུག་གི་ནང་རོལ་དུ་དགེ་འདུན་གྱིས་གནང་བ་མ་ཐོབ་པར་སྟན་གསར་པ་བྱེད་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། གནང་བ་མ་ཐོབ་པ་གཞན་ཡོད་པའི། རང་དགར་བཏང་པས་ལོ་དྲུག་མ་ལོན་པར་སྟན་བྱས་པས་ཉིད་ནའོ། །ཞེས་དང། ལོ་དྲུག་བར་དུ་ནན་ཏན་གྱིས། །བྱས་པའི་སྟན་དེ་བཅང་བར་བྱ། །ལོ་དྲུག་ཚུ་རོལ་དེ་བྱས་ལྟུང། །ཉེས་མེད་ཚོགས་ཀྱིས་གནང་བ་ཡིན། །ཞེས་གསུངས་པའི་ཕྱིར། འདི་ནི་དགེ་སློང་རབ་ཏུ་མང་པོས་གདན་རིང་བ་དང་ཐུང་བ་མང་པོ་བྱས་པ་ལ་བརྟེན་ནས་བཅས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།