98335

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོང་པ་ཉིད་རྣམ་པ་བདུན་ (1)
Part of speech མིང་ཚིག
Definition འཕགས་པ་ལངྐར་གཤེགས་པའི་མདོ་ལས་བྱུང་བ་སྟེ། ༡ མཚན་ཉིད་སྟོང་པ་ཉིད་ནི། དངོས་པོ་ཐམས་ཅད་ནི་རང་དང་སྤྱིའི་མཚན་ཉིད་ཀྱིས་སྟོང་ངོ་། ། འདུས་པ་ཕན་ཚུན་དུ་ལྟོས་པ་དང༌། རབ་ཏུ་དབྱེ་བའི་ཁྱད་པར་མེད་པའི་ཕྱིར་རང་དང་སྤྱིའི་མཚན་ཉིད་དུ་འཇུག་པ་མེད་དེ། བདག་དང༌། ཕ་རོལ་དང༌། གཉིས་ཀ་མེད་པའི་ཕྱིར་མཚན་ཉིད་གནས་པ་མེད་པས་ན་དེའི་ཕྱིར་དངོས་པོ་ཐམས་ཅད་མཚན་ཉིད་སྟོང་པ་ཞེས་བྱའོ། ། ༢ དངོས་པོའི་རང་བཞིན་སྟོང་པ་ཉིད་ནི། རང་གི་རང་བཞིན་གྱིས་དངོས་པོ་སྐྱེ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་དངོས་པོའི་རང་བཞིན་སྟོང་པ་ཉིད་ཡིན་ཏེ། དེའི་ཕྱིར་དངོས་པོའི་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། ། ༣ སྲིད་པའི་སྟོང་པ་ཉིད་ནི། བདག་དང་བདག་གི་དང་བྲལ་བའི་ཕུང་པོ་རྣམས་ཏེ། རྒྱུ་དང༌། རིགས༌པ་དང༌། བྱེད༌པ་དང༌། ལས་དང༌། འབྱོར་པ་ལས་སྐྱེ་ཞིང་འབྱུང་སྟེ། དེའི་ཕྱིར་སྲིད་པའི་སྟོང་པ་ཉིད་ཅེས་བྱའོ། ། ༤ མི་སྲིད་པ་སྟོང་པ་ཉིད་ནི། ཕུང་པོ་རྣམས་ལ་མྱ་ངན་ལས་འདས་པ་སྔོན་མི་སྲིད་པ་ཡིན་ཏེ། དེའི་ཕྱིར་མི་སྲིད་པ་སྟོང་པ་ཉིད་ཅེས་བྱའོ། ། ༥ བརྗོད་དུ་མེད་པའི་སྟོང་པ་ཉིད་ནི། ཀུན་བརྟགས་པའི་རང་བཞིན་བརྗོད་དུ་མེད་པའི་ཕྱིར་ཆོས་ཐམས་ཅད་བརྗོད་དུ་མེད་པའི་སྟོང་པ་ཉིད་དེ། དེའི་ཕྱིར་བརྗོད་དུ་མེད་པ་སྟོང་པ་ཉིད་ཅེས་བྱའོ། ། ༦ དོན་དམ་པ་འཕགས་པའི་ཡེ་ཤེས་ཆེན་པོ་སྟོང་པ་ཉིད་ནི། བདག་གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ནི་ལྟ་བ་དང་། ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་སྟེ། དེའི་ཕྱིར་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་ཅེས་བྱའོ། ། ༧ གཅིག་གིས་གཅིག་སྟོང་པ་ཉིད་ནི། གང་ན་ཅི་མེད་པ་དེ་ནི་དེས་སྟོང་ཞེས་བྱའོ། །རི་དྭགས་འཛིན་གྱི་མའི་ཁང་པ་ན་གླང་པོ་དང༌། བ་ལང་དང༌། ལུག་ལ་སོགས་པ་མེད་ཀྱང་དགེ་སློང་དང༌། དགེ་སློང་མ་ལ་སོགས་པས་ནི་སྟོང་པ་ཉིད་མ་ཡིན་ནོ་ཞེས་ངས་བཤད་དེ། དེ་ནི་དེ་དག་གིས་སྟོང་ངོ་ཞེས་བྱ་ཡང༌། ཁང་པ་ཡང་ཁང་པའི་དངོས་པོ་མེད་པ་མ་ཡིན། དགེ་སློང་རྣམས་ཀྱང་དགེ་སློང་གི་ངོ་བོར་མེད་པ་མ་ཡིན་ཏེ། གླང་པོ་དང༌། བ་ལང་དང༌། ལུག་ལ་སོགས་པའི་དངོས་པོ་དེ་དག་གུད་ན་མི་འཁོར་པའང་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ནི་གཅིག་ལ་གཅིག་མེད་དེ། དེའི་ཕྱིར་གཅིག་གིས་གཅིག་སྟོང་པ་ཉིད་ཅེས་བྱའོ། །
Domain [ཆོས་ལུགས།, ལྟ་གྲུབ།]