98443

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོད་བཀྲ་ཤིས་སྒང་དགོན་ (1)
Part of speech མིང་ཚིག
Definition དགོན་འདི་ནི་བོད་དབུས་སྟོད་མངའ་རིས་ས་གནས། བོད་དང་ལ་དྭགས་གཉིས་ཀྱི་ས་མཚམས་སུ། དུས་རབས་བཅོ་ལྔ་པའི་ནང་ལ་དྭགས་སྟག་ཚང་རས་པས་ཕྱག་བཏབ་པ་ཞིག་ཡིན། (སྟག་ཚང་རས་པ་ཤིང་ཁྱི་ ༡༥༧༤ ལོར་འཁྲུངས། ལྕགས་ཡོས་ ༡༦༥༡ ལོར་མྱ་ངན་ལས་འདས། ) སྔོན་ས་ཆ་འདིར་སྟག་ཚང་རས་པ་བོད་དུ་ཡར་མར་ཕེབས་ལམ་སྐབས་སུ་མཚན་བརྗོད་ཀྱིས། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་ཚིག་མཚམས་ཏག་ཏག་ཁེལ་བའི་རྟེན་འབྲེལ་དང་། ལབ་རྩེར་ཀ་པཱ་ལའི་བདུད་རྩི་མ་རྐེམ་པའི་མཚན་མ་བཟང་པོས། དེར་དགོན་པ་འདེབས་རྒྱུ་གཏན་འཁེལ་ནས། ཡོ་ཆས་སོགས་འཁོ་སྒྲུབ་ནས་རྩོམ། ལོ་བདུན་ལ་ལེགས་གྲུབ་གནང་། ཧི་མི་དགོན་ནས་གྲྭ་པ་བཅུ་གསུམ་ཙམ་དགོན་པར་གཏན་བཞུགས་མཛད། ཆུ་ཕག་ ༡༦༨༣ ལོར་སིང་དམག་གིས་མངའ་རིས་ཁུལ་དུ་བཙན་འཛུལ་བྱས་སྐབས། བོད་ནས་རྒྱལ་པོ་དགའ་ལྡན་ཚེ་དབང་གིས་སིང་དམག་མཐར་སྐྲོད་གཏོང་སྐབས་དགོན་པའི་རྒྱབ་ཕྱོགས་སུ་མེ་མདའ་བརྒྱབ་པས་དགོན་པའི་སྟེང་གི་ནུབ་བྱང་དུ་གསེར་ཟངས་ཀྱི་བུམ་པའི་ཁ་རྒྱན་ལ་ཕོག་ནས། འཁྱམས་རའི་སྟེང་གི་གསེར་ཟངས་ཀྱི་གན་ཇི་ར་དང་། འདུ་ཁང་གི་སྤན་འགེབས་བཅས་ས་ལ་ལྷུང་བ་དང་མཉམ་དུ། སིང་དམག་རྣམས་མགོ་བཏགས་ཞུས། བོད་ཟླ་ལྔ་པའི་ཚེས་ལྔ་ཉིན་ཉི་མ་རི་རྩེར་ཤར་དུས་རྒྱལ་པོ་གཡུལ་ལས་རྒྱལ་བའི་རྟེན་འབྲེལ་ཟབ་རྒྱས་བྱེད་སྲོལ་ཡོད། ཆོས་ལུགས་དགེ་ལུགས་པར་བསྒྱུར་ཏེ་དགོན་བདག་ཀྱང་སེ་ར་བྱེས་ལ་སྤྲད། རྟེན་གསུམ་རྣམས་གསར་བཞེངས་མཛད། དགོན་འདིར་གནོད་སྐྱོན་ཆེན་པོ་གསུམ་བྱུང་བ་ནི། སིང་དམག་གི་གཏོར་སྐྱོན་དང་། མེ་སྐྱོན་ཚབས་ཆེན་ཞིག་བྱུང་བ་དང་། རྒྱ་དམར་གྱི་ཉམས་ཉེས་བཅས་གསུམ་ཡིན། ཕྱི་ལོ་ ༡༩༨༥ ལོར་སྐུ་ཞབས་བློ་བཟང་ཆོས་འཕེལ་ལགས་ནས་གཙོ་བོའི་འགན་འཁུར་འོག་རྟེན་བརྟེན་པ་དང་བཅས་པ་བསྐྱར་གསོ་གནང་ནས་བླ་གྲྭ་ལྔ་ཙམ་གཏན་བཞུགས་ཡོད་ཀྱང་། གྲྭ་གསར་ཁག་ཅིག་ཡུལ་གྱར་སོང་བ་དང་། གསུམ་ཙམ་དགོན་པར་བསྡད་ཀྱང་སྐུ་འདྲ་ཁག་དམག་མིར་ཟས་གོས་དང་བརྗེས་པའི་གནས་ཚུལ་གྱི་རྐྱེན་པས་བཙོན་དུ་ཆུད་པ་སོགས་ཀྱིས་དགོན་སྟོང་དུ་ལུས། ཕྱི་ལོ་ ༢༠༠༡ ལོར་རྫོང་རིམ་པའི་བཀའ་ལྟར་འབྲུག་པ་བཀའ་བརྒྱུད་པའི་ཆོས་བརྒྱུད་གནས་པྲེ་ཏ་པུ་རིའི་དགོན་ནས་སྐུ་ཞབས་གཉིས་ཕེབས་དགོས་པའི་རེ་ཞུས་ལྟར། པྲེ་ཏ་པུ་རིའི་བླ་རྒན་བློ་བཟང་འོད་ཟེར་ལགས་དང་། ངག་དབང་དགེ་ལེགས་རྒྱ་མཚོ་ལགས་གཉིས་ཕེབས་ཏེ་ད་ལྟ་འབྲུག་པ་བཀའ་བརྒྱུད་པའི་ལུགས་ལྟར་དགོན་འདི་ཉིད་མི་ཉམས་གོང་སྤེལ་དང་། ཉམས་པ་སླར་གསོ་བཅས་གནང་བཞིན་པ་བཅས་སོ། །