98480
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་སྟེ་དྲི་མེད་ལྷ་ལྔ་ཡབ་ཡུམ་ལས་དུས་བཞིའི་རྒྱལ་མོ་བཞིའི་ནང་གསེས་ཡིན་ལ། གནས་ནི། དཀྱིལ་འཁོར་བྱང་ཤར་ཕོ་བྲང་གླིང་ཆེན་གྱི་ཤར་ཕྱོགས་ལ། ལྷ་སྟེགས་ཀྱི་གདན་ནི། པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་པ་དབུ་ལ་ཆུ་རླུང་(ཞི་རྒྱུད་༡༥༡ལས་་་་ཆུ་གླང་་་་དེ་ཉིད་ཀྱི་༢༡༦ལས་་་་ཆུ་རླུང་་་་་ཞི་ཁྲོ་ཅན་༣༥༣ལས་་་་ཆུ་རླབ་་་ཞེས་སོ་)ཞུ་ཤམ་སྐུ་ལ་ཆུ་དར་རལ་ག་གསོལ་བ། གཡས་པས་དགུ་ཚིགས་ཞགས་པ་ལྡོག་ཅིང་གཡོན་པས་གསེར་གྱི་ཟོར་བ་བསྣམས་པ་ཞིག་གོ ། ཕྲིན་ལས་ནི། ཐུགས་རྗེའི་ཐབས་ཀྱིས་འབྲས་བུ་སྨིན་ཅིང་རྩི་ཤིང་ཀུན་གྱི་བཅུད་སྡུད་པར་མཛད་པའོ། ། ལྷ་མོ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ལྷམ་མེ་འདུ་འདུ་ཞ་ཞེས་པའམ་ཞ་ཡིག་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། ལྷམ་མེ་ནི་དུས་བཞིའི་བཅུད་ལ་དབང་བསྒྱུར་བ། ཞ་ཡིག་ནི་ལྷ་མོ་འདི་ཉིད་མཚོན་པའོ། །བྱེད་ལས་ནི། ལྷ་མོ་འདི་ཉིད་བསྐྱེད་པའི་ས་བོན་བྱེད་དོ། །འདིའི་དོན་ལ་གྲོལ་འཁྲུལ་གྱི་དགེ་སྐྱོན་ནི། རྟོགས་ན་བོན་ཉིད་བ་གའི་དབྱིངས་སུ་དག་ལ། མ་རྟོགས་ན་ཁམས་གསུམ་འཁོར་བར་འཁྲུལ་ལོ། །གྲོལ་ན་སྲིད་པའི་རྒྱལ་མོ་ཉིད་ལ། མ་གྲོལ་ན་སྐྱེ་འགྲོའི་སྡུག་བསྔལ་ཤར་བར་གསུངས་སོ། །ཞེས་པ་དེ་ཡང་གསང་འདུས་དོན་རྒྱུད་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་དག་ལས་བཏུས་སོ། །གོང་གི་ཞི་རྒྱུད་ནང་གི་ལྷ་ཚོགས་སྐུ་བསྟོད་ཀྱི་སྐབས་སུ། འདི་ལ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་མ་གསལ་ཡང་། ཐོས་གྲོལ་ལས། ལྷ་མོ་འདི་ཉིད་ཡེ་གཤེན་སེམས་དཔའ་གཙུག་ཕུད་རྒྱལ་བའི་ཕྱག་རྒྱའི་ཡུམ་ཡིན་པར་བཞེད་དོ། །སྐུ་དང་ཡིག་འབྲུའི་བསྐྱེད་གནས་ནི། གསང་འདུས་ལྟར་ན། ལུས་ཀྱི་ཁྲག་ལ་བསྐྱེད་ཅིང་གནས་པར་གསུངས་ལ། ཐོས་གྲོལ་ལྟར་ན་པུར་ལང་རྩ་འདུས་ཞེས་པ་མིག་གི་རྩ་ལ་གནས་པར་གསུངས་སོ། ། |
| Domain | ཆོས་ལུགས། |