9857

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་མེད་ཀྱི་རྣམ་ཐར་བཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རྣམ་ཐར་བརྒྱད་ཀྱི་ནང་གསེས་བཞི་སྟེ། སངས་རྒྱས་ཀྱི་བསྟན་པས་བསྡུས་པའི་གཟུགས་མེད་ནམ་མཁའ་མཐའ་ཡས་རྣམ་ཐར་དང། དེ་བཞིན་རྣམ་ཤེས་མཐའ་ཡས། ཅི་ཡང་མེད། སྲིད་རྩེ་བཅས་ཀྱི་རྣམ་ཐར་བཞི་ཡིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། གཟུགས་མེད་ཀྱི་རྣམ་ཐར་ཞེས་པ་ནི། བསྟན་པས་བསྡུས་པའི་གཟུགས་མེད་ཀྱི་མཉམ་བཞག་དགེ་བ་དག་པ་བ་རྣམས་དང༌། གཟུགས་མེད་དང་པོ་གསུམ་གྱིས་བསྡུས་པའི་དངོས་གཞི་ཟག་མེད་རྣམས་ཁོ་ན་ལ་བྱེད་ཀྱི། ཉོན་མོངས་ཅན་དང་མཉམ་པར་མ་བཞག་པའི་སེམས་རྣམས་མ་ཡིན་ལ། འགའ་ཞིག་འཆི་སེམས་སོགས་ཡོད་པར་འདོད་ཀྱང་རང་ལུགས་སུ་མི་འདོད་དོ། །དེས་ན་གཟུགས་མེད་དང་པོ་གསུམ་གྱིས་བསྡུས་པའི་རྣམ་ཐར་ལ་ནི་ཟག་བཅས་ཟག་མེད་གཉིས་ཀ་ཡོད་ལ། སྲིད་རྩེའི་སས་བསྡུས་ལ་ནི་ཟག་བཅས་མ་གཏོགས་ཟག་མེད་མེད་དོ། །ཞེས་གསུངས།
Domain ཆོས་ལུགས།
གཟུགས་མེད་ཀྱི་རྣམ་ཐར་བཞི་ (2)
Part of speech མིང་ཚིག
Definition རྣམ་པར་ཐར་པ་བརྒྱད་ཀྱི་ནང་གསེས། གཟུགས་མེད་སྐྱེ་མཆེད་མུ་བཞིའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་སྟེ། གཟུགས་ཁམས་དང་རང་ས་འོག་མའི་ཟག་བཅས་ཀྱི་ཆགས་པ་ལས་ཐར་བར་བྱེད་པའི་སྙོམས་འཇུག་བཞི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་ཐར་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་ཐར་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་ཐར་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་རྣམ་ཐར་རྣམས་སོ། །དེ་ཡང་གཟུགས་མེད་པའི་མཉམ་པར་བཞག་པ་དགེ་བ་དག་པ་བ་དང་ཟག་མེད་རྣམས་ཁོ་ན་རྣམ་པར་ཐར་པ་ཞེས་བྱ་བའི་མིང་འཐོབ་ཀྱི། ཉོན་མོངས་པ་ཅན་དང་མཉམ་པར་མ་བཞག་པ་འཆི་བའི་སྲིད་པའི་སེམས་ལྟ་བུའང་མ་ཡིན་ནོ། །གཞན་དག་ན་རེ། གཞན་ན་ཡང་མཉམ་པར་མ་བཞག་པ་ཡོད་དེ་ཞེས་ཟེར་རོ། །ཉེར་བསྡོགས་ཀྱི་རྣམ་པར་གྲོལ་བ་དག་ཀྱང་རྣམ་པར་ཐར་པ་ཞེས་བྱ་བའི་མིང་འཐོབ་བོ། །འོག་མ་ལ་དམིགས་པའི་ཕྱིར་བར་ཆད་མེད་པའི་ལམ་རྣམས་ནི་མ་ཡིན་ཏེ། རྣམ་པར་ཐར་པའི་དོན་ནི་རྒྱབ་ཀྱིས་ཕྱོགས་པའི་དོན་ཡིན་ནོ། །
གཟུགས་མེད་ཀྱི་རྣམ་ཐར་བཞི་ (3)
Part of speech མིང་ཚིག
Definition གཟུགས་མེད་ཀྱི་རྣམ་ཐར་བཞིའི་མཚན་ཉིད་རིམ་བཞིན། རང་རང་གི་དངོས་གཞིའི་དགེ་བ་གང་ཞིག རང་རང་གི་དངོས་གཞིའི་རོ་མྱང་བའི་སྒྲིབ་པ་ལས་གྲོལ་བའི་རྣམ་ཐར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ནི། ཐར་པ་དང་མཐུན་པར་གནས་པའི་ལམ་གྱི་རང་བཞིན་ཏེ། གཟུགས་མེད་ཞི་བའི་རོ་མྱང་གི་སྒྲིབ་པ་ལས་གྲོལ་བའི་གཟུགས་མེད་ཀྱི་རྣམ་ཐར་ཡིན་པའི་ཕྱིར་རོ་ཞེས་སོ། ། པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས། ཐར་པ་མྱ་ངན་ལས་འདས་པ་དང། ཁམས་གསུམ་གྱི་ཉོན་མོངས་པ་མངོན་གྱུར་པ་དང་བྲལ་ཙམ་དུ་མཚུངས་པའི་ལམ་དེ། གཟུགས་མེད་རྣམ་ཐར་གྱི་མཚན་ཉིད། དེ་ལ་དབྱེ་ན། གཟུགས་མེད་ཀྱི་རྣམ་པར་ཐར་པ་བཞིའོ་ཞེས་སོ། །