98588

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟོབས་དང་ལྡན་པའི་ལས་དགུ་ (1)
Part of speech མིང་ཚིག
Definition རྣམ་པ་དགུས་སྟོབས་དང་ལྡན་པའི་ལས་སུ་རིག་པར་བྱ་སྟེ། ཞིང་དང་། དངོས་པོ་དང་། ངོ་བོ་ཉིད་དང་། གཞི་པོ་དང་། ཡིད་ལ་བྱེད་པ་དང་། བསམ་པ་དང་། གྲོགས་དང་། ལན་མང་དུ་བྱེད་པ་དང་། སྐྱེ་བོ་མང་པོས་ཀྱང་སྟོབས་དང་ལྡན་པ་སྟེ་ཞེས་བཤད་དེ། དེ་ལ་ཞིང་ནི་ཚུལ་ཁྲིམས་དང་མི་ལྡན་པ་བས་ལྡན་པ་ལ་སྟོབས་ཆེ་བ་དང་། དངོས་པོ་ནི་ངན་ཉུང་བས་བཟང་མང་བྱིན་ན་སྟོབས་ཆེ་བ་དང་། ངོ་བོ་ཉིད་ནི་བསོད་ནམས་བྱ་བའི་གཞི་གསུམ་དང་ཕར་ཕྱིན་དྲུག་ལ་སོགས་པ་སྔ་མ་བས་ཕྱི་མ་ངོ་བོ་ཉིད་ཀྱིས་སྟོབས་ཆེ་བ་དང་། གཞི་པོ་ནི་གང་ཟག་ཆགས་བཅས་ཀྱིས་བྱས་པ་བས་ཆགས་བྲལ་གྱིས་བྱས་པ་སྟོབས་ཆེ་བ་དང་། ཡིད་ལ་བྱེད་པ་ནི་ཡིད་ལ་བྱེད་པ་ཐ་མལ་པས་བྱས་པ་བས་རབ་ཏུ་དང་བའམ་ཉོན་མོངས་པ་དྲག་པོས་བྱས་པ་སྟོབས་ཆེ་བ་དང་། བསམ་པ་ནི་འཁོར་བ་རྒྱུ་འབྲས་ཀྱི་ཆེད་དུ་བྱས་པ་བས་ཐར་པ་རྒྱུ་འབྲས་ཀྱི་ཆེད་དུ་བྱས་པ་སྟོབས་ཆེ་བ་དང་། གྲོགས་ནི་སྦྱིན་པ་གཅིག་པུ་བས་ཚུལ་ཁྲིམས་ལ་སོགས་པའི་གྲོགས་དང་བཅས་པའམ་ཡང་ན་གྲོགས་རྗེས་སུ་ཡི་རང་དང་བཅས་ན་སྟོབས་ཆེ་བ་དང་། ལན་མང་དུ་བྱེད་པ་ནི་ལན་གཅིག་བྱེད་པ་བས་སྟོབས་ཆེ་བ་དང་། སྐྱེ་བོ་མང་པོས་བྱས་པ་ནི་རང་གཅིག་པུས་བྱས་པ་བས་རང་གིས་ཀྱང་བྱས་གཞན་དག་ཀྱང་བྱེད་དུ་བཅུག་ན་སྟོབས་ཆེ་བའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།