9861

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་མེད་ཁམས་ (1)
Part of speech མིང་ཚིག
Definition ཁམས་གསུམ་གྱི་ནང་གསེས་ཏེ། ནམ་མཁའ་མཐའ་ཡས་ནས་སྲིད་པའི་རྩེ་མོའི་བར་གྱི་སྐྱེ་མཆེད་མུ་བཞི་དེ་དག་ལ་ཡིད་གཟུགས་དྭངས་པ་ཙམ་ལས་རགས་གཟུགས་མེད་ཅིང༌། འདོད་གཟུགས་ལས་འདོད་ཆགས་དང་བྲལ་ཞིང་གཟུགས་མེད་ལ་འདོད་ཆགས་དང་བཅས་པའོ། །ནམ་མཁའ་མཐའ་ཡས་ནས་སྲིད་པའི་རྩེ་མོའི་བར་གྱི་སྐྱེ་མཆེད་བཞིའི་སྤྱི་མིང་སྟེ། དེ་ཡང་གཟུགས་མེད་པའི་ཁམས་ན་གཟུགས་གཏན་ནས་མེད་པའི་གཟུགས་མེད་ཅེས་བྱའོ། །དེ་ལ་བྱེ་སྨྲ་དགེ་འདུན་ཕལ་ཆེན་པའི་བྱེ་བྲག་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་བ་དང་། ཐམས་ཅད་ཡོད་སྨྲའི་བྱེ་བྲག་གོས་དམར་པའི་སྡེ་བ་དང་། མང་པོས་བཀུར་བ་པ་རྣམས་ན་རེ། གཟུགས་དང་བ་དང་བོང་ཚོད་ཆུང་བས་གཟུགས་མེད་ཅེས་བཤད་ཀྱི་གཏན་མེད་པ་མ་ཡིན་ཏེ་མདོ་ལས། ཚེ་དང་ལྡན་པ་བསུས་པོ་ཆེ་ཚེ་གང་ཡིན་པ་དང་དྲོད་གང་ཡིན་པའི་ཆོས་འདི་དག་ནི་འདྲེས་པ་སྟེ་མ་འདྲེས་པ་མ་ཡིན་ནོ་ཞེས་དང་། ཤཱ་རིའི་བུ་འདམ་བུའི་ཤོག་གཉིས་གནམ་དུ་སྒྲེང་སྟེ་ཕན་ཚུན་རྟེན་ཅིང་འདུག་པ་དེ་བཞིན་དུ་མིང་དང་གཟུགས་ཕན་ཚུན་རྟེན་ཅིང་གནས་སོ་ཞེས་དང་། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་ཏེ། གཟུགས་མེད་ནའང་མིང་དང་རྣམ་ཤེས་ཡོད་པའི་ཕྱིར་གཟུགས་ཡོད་དོ་ཞེས་ཟེར་རོ། །དེ་མ་ཡིན་ཏེ། སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་ཕྱིར་རོ། །རང་ལུགས་ནི་མཛོད་རང་འགྲེལ་ལས། དེ་དག་ན་གཟུགས་ཀྱི་རྣམ་པ་ཞིག་ཡོད་ན་ཅིའི་ཕྱིར་གཟུགས་ཀྱི་རྣམ་པ་ཡོད་པའང་རུང་ཞེས་གསུངས་པར་མི་འགྱུར་ཏེ། དེ་ལྟ་བས་ན་གཟུགས་མེད་པ་ན་གཟུགས་མེད་དོ། །ཞེས་གསུངས་སོ། །ཕྱིས་སུ་ཁམས་འོག་མར་སྐྱེས་པའི་གཟུགས་དེ་ནི་སྔར་གཟུགས་དང་ལྷན་ཅིག་པའི་སེམས་རྒྱུད་ཀྱིས་རྐྱེན་བྱས་ཤིང་རྣམ་སྨིན་གྱི་རྒྱུ་ཡིན་པའི་གཟུགས་སྔར་འགགས་པ་ལས་སྐྱེ་བར་འགྱུར་བའི་ཕྱིར་འགལ་བ་མེད་དོ། །མདོ་སྡེ་པ་ནི་སེམས་རྒྱུད་ལ་གཟུགས་ཀྱི་ས་བོན་ཡོད་པས་དེ་ལས་སྐྱེ་ཞེས་དང། རྣལ་འབྱོར་སྤྱོད་པ་ནི་ཀུན་གཞི་ལ་དེའི་ས་བོན་ཡོད་པ་ལས་སོ་ཞེས་འཆད་དོ། །
Domain ཆོས་ལུགས།