987

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླུ་ཚང་དགོན་ (1)
Part of speech མིང་ཚིག
Definition ཀླུ་ཚང་དགོན་པའམ་རྙེ་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་ནི། རྙེ་ཐམས་ཅད་མཁྱེན་པའི་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་ཉི་མས་ཀླུ་ཚང་གི་ལྷ་སྡེ་མི་སྡེའི་རེ་འདོད་ལྟར་ཕྱི་ལོ་ ༡༨༨༩ ལོར་གསར་དུ་ཕྱག་འདེབས་གནང་བ་ཞིག་ཡིན། རྒྱུན་ཇ་དང་གཞི་གསུམ་གྱི་ཉམས་ལེན་དང་། དཔྱིད་སྟོན་གྱི་སྒྲུབ་མཆོད་དང་ལྕགས་མཁར་ཟུར་དགུ་བ་སོགས་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་ཕྱག་ལེན་ཇི་ལྟ་བུར་བཙུགས་ཤིང་། མཁས་གྲུབ་བྱམས་པ་བཟང་བོས་བྱང་ཆུབ་ལམ་རིམ་དང་གསང་སྔགས་ཀྱི་འཆད་ཉན་བསྐྱངས། རྙེ་སློབ་དཔོན་སྐུ་ཕྲེང་ལྔ་བ་མཁས་གྲུབ་བསྟན་འཛིན་གྱིས་སྒོ་མང་ཡིག་ཆའི་སྟེང་ནས་མཚན་ཉིད་བཙུགས་པ་དང་། ལྷ་སྡེ་པཎྜི་ཏ་ཡབ་སྲས་ཀྱིས་འཆད་ཁྲིད་གནང་སྟེ་བསྐྱངས་པ་ལས་རིམ་བཞིན་གཞུང་བཀའ་པོད་ལྔའི་འཆད་ཉན་ཤིན་ཏུ་འཕེལ། ཕྱི་ལོ་ ༡༩༥༨ ལོ་ནས་རྒྱ་ནག་གཞུང་གིས་བོད་ཐོག་དབང་སྒྱུར་སྲིད་ཇུས་ཀྱི་གནས་བབ་འོག་དམངས་གཙོའི་བཅོས་སྒྱུར་དང་ངོ་ལོག་ཟིང་འཁྲུག་ཟེར་བ་སོགས་ནས་འགོ་བརྩམས་ཏེ་རིག་གནས་གསར་བརྗེ་ཞེས་པའི་འཐབ་རྩོད་ཀྱི་ཡོ་ལང་ཆེན་པོ་སོགས་བརྒྱུད་མཐར། དགོན་པ་འདི་ཡང་སྐབས་དེའི་བོད་སྤྱི་ཡོངས་ཀྱི་གནས་བབ་འབའ་ཞིག་ལས་མ་འདས་པར་སྐུ་གསུང་ཐུགས་རྟེན་དང་། འདུ་ཁང་། ལྷ་ཁང་སོགས་ཕྱིའི་བཀོད་པ་གྲྭ་ཤག་དང་བཅས་པ་གཅིག་ཀྱང་མ་ལྷག་པར་གཏོར་བཅོམ་ཐེབས་ཏེ་ཤུལ་མེད་དུ་བཏང་། ཕྱིས་སུ་ཀླུ་ཚང་བ་གཙོ་བོར་གྱུར་པའི་དགོན་འདིར་འབྲེལ་ཡོད་དད་ལྡན་བོད་མི་ཚོའི་རྣམ་དཀར་དགེ་སེམས་དང་གཏོང་ཕོད་ཕྱག་ཟུང་རིང་བོའི་ཡོན་ཆེན་པོ་སྦྱར་བ་ལ་བརྟེན་ནས་ཕྱི་ལོ་ ༡༩༨༡ ལོའི་ཟླ་ ༦ ཚེས་ ༡༥ ལ་ཆོས་སྒོ་གསར་དུ་ཕྱེས་ཐུབ་པ་བྱུང་ཡོད། མེརྒན་ཆོས་རྗེ་སྐུ་ཕྲེང་ལྔ་བ་འདུལ་འཛིན་ཆེན་པོ་རྗེ་འཇམ་དབྱངས་བློ་བཟང་བསྟན་དར་གྱིས་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་བཙུགས་ཤིང་། སྔོན་སྲོལ་མང་བོར་འདོར་ལེན་བགྱིས་ཏེ་ལེགས་བཅོས་རིམ་པར་གནང་ནས་བཀའ་གདམས་གཙང་མའི་ཕྱག་ལེན་བསྐྱངས་པར་མཛད། ཁོང་དང་སྨྲ་བའི་ཁྱུ་མཆོག་རྗེ་བཟོད་པ་རྒྱ་མཚོ་སོགས་ཀྱིས་གཞུང་བཀའ་པོད་ལྔ་དང་། སྔགས་རྒྱུད་སྡེ་བཞིའི་གཟབ་ཁྲིད་མཛད་པས་འཆད་ཉན་མེ་བཞིན་འབར། ད་ལྟ་རྙེ་སྐུ་ཕྲེང་དྲུག་པ་བློ་བཟང་དགེ་འདུན་ཕུན་ཚོགས་ཆོས་ཀྱི་ཉི་མས་སྐྱོང་བཞིན་ཡོད་ཅིང་བོད་རིགས་གཙོས་ཧོར་སོག རྒྱ་ནག་བཅས་ཀྱི་སློབ་གཉེར་བ་བརྒྱ་ཕྲག་ལྔ་ལ་ཉེ་བས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་ཚུལ་བཞིན་དུ་གནང་བཞིན་པའི་སྐབས་སོ། །