9879

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མཚན་ཉིད་ནི། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྣ་ཚོགས་སུ་སྤྲུལ་པ་ལ་གེགས་བྱེད་པའི་སྒྲིབ་པ་ལས་གྲོལ་བའི་རྣམ་ཐར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། ཀུན་མཁྱེན་རོང་སྟོན་ཆེན་པོའི་རྣམ་བཤད་ཚིག་དོན་རབ་གསལ་ལས་ནི། རྣམ་ཐར་གཉིས་པ་ནི་ལྟའོ། །གང་གི་སྒོ་ནས་ནི། གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པའི་ཕྱིར་ནང་གཟུགས་ཅན་མིན་པར་འདུ་ཤེས་པའི་སྒོ་ནས་སོ། །ཡུལ་ནི། ཕྱི་རོལ་གྱི་གཟུགས་རྣམས་ལའོ། །ཚུལ་ཇི་ལྟར་ན། དབྱིབས་ཀྱི་སྒོ་ནས་ཆེ་ཆུང་སྣ་ཚོགས་དང་། ཁ་དོག་གི་སྒོ་ནས་མཛེས་མི་མཛེས་སྣ་ཚོགས་སུ་སྤྲུལ་ཏེ་ལྟའོ། །དགོས་པ་ནི། སྣ་ཚོགས་སུ་སྤྲུལ་པ་ལ་སྒྲིབ་པ་སྟེ་གེགས་བྱེད་པའི་གཉེན་པོར་ལྟའོ། །སྤྲུལ་པ་པོ་མི་སྣང་བར་རྫུ་འཕྲུལ་སྟོན་པའི་ཆེད་ཡིན་ནོ་ཞེས་སོ། །པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་ནི། རང་གི་སེམས་རྟེན་བསམ་གཏན་བཞི་པའི་དངོས་གཞིའི་སེམས་ལ་བརྟེན་ནས་རང་ལ་གཟུགས་ཅན་གྱི་འདུ་ཤེས་རྣམ་པར་བཤིག་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་རྣམས་ལ་དེར་བལྟ་བ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པའོ་ཞེས་སོ། །
Domain ཆོས་ལུགས།
གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར་ (2)
Part of speech མིང་ཚིག
Definition རྣམ་པར་ཐར་པ་བརྒྱད་ཀྱི་ནང་གསེས་ཤིག་སྟེ། བདག་རང་གི་གཟུགས་ཆ་ཤས་ཀྱིས་སྟོང་པར་བཤིག་པ་ནི་ནང་གཟུགས་མེད་པར་འདུ་ཤེས་པ་དང༌། ཕྱི་རོལ་གྱི་གཟུགས་སྣམ་བུ་དང་བུམ་པ་ལ་སོགས་པ་སྟོང་པར་སུན་འབྱིན་པའི་ཏིང་ངེ་འཛིན་ནོ། །འདི་ནི་རྣམ་པར་སྔོས་པ་ལ་སོགས་པའི་རྣམ་པ་ཅན་ཡིན་པའི་ཕྱིར་མི་སྡུག་པ་ཡིན་ལ། དེ་ནི་མ་ཆགས་པ་སྟེ་མི་སྡུག་མ་ཆགས་ཞེས་གསུངས་པའི་ཕྱིར་རོ། །འདིའི་ས་བསམ་གཏན་དང་པོ་གཉིས་དག་ན་ཡོད་ཀྱི་ས་གཞན་ན་ནི་མེད་དོ། །འདོད་པ་ན་སྤྱོད་པ་དང་བསམ་གཏན་དང་པོའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོར་གྲངས་བཞིན་ནོ། །འདིའི་དམིགས་པ་བསམ་གཏན་དང་པོའི་གཟུགས་ཀྱི་སྐྱེ་མཆེད་ལ་ཡིད་ལ་ཡིད་དུ་མི་འོང་བའོ། །