9884

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་མེད་ཉེར་འགྲོ་ (1)
Part of speech མིང་ཚིག
Definition གཟུགས་མེད་ཉེར་འགྲོའི་མཚན་ཉིད་ནི། གཟུགས་ལ་འདོད་ཆགས་དང་བྲལ་བའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་གང་ཞིག གཟུགས་མེད་ཁོ་ནར་སྐྱེ་བ་བླངས་ནས་གཟུགས་མེད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །དབྱེ་ན། གཟུགས་མེད་ཉེར་འགྲོའི་སྐྱེས་ཙམ་ནས་འདའ་བ། འདུ་བྱེད་མེད་པར་འདའ་བ། འདུ་བྱེད་དང་བཅས་ཏེ་འདའ་བ། གོང་འཕོ་དང་བཞིའི་མཚན་ཉིད་རིམ་བཞིན། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་གང་ཞིག་གཟུགས་མེད་དུ་སྐྱེ་སྲིད་གཅིག་ཁོ་ན་བླངས་ནས་སྐྱེ་སྲིད་གྲུབ་མ་ཐག་ལམ་རང་གི་ངང་གིས་འབྱུང་བའི་སྒོ་ནས་མྱང་འདས་མངོན་དུ་བྱེད་པ་དང་། དེ་གང་ཞིག་གཟུགས་མེད་དུ་སྐྱེ་སྲིད་གཅིག་ཁོ་ན་བླངས་ནས་ཡུན་ཅུང་ཞིག་ལོན་པ་ན་ལམ་རང་གི་ངང་གིས་འབྱུང་བའི་སྒོ་ནས་མྱང་འདས་མངོན་དུ་བྱེད་པ་དང་། དེ་གང་ཞིག་གཟུགས་མེད་དུ་སྐྱེ་སྲིད་གཅིག་ཁོ་ན་བླངས་ནས་ཡུན་རིང་དུ་ལོན་པ་ན་འབད་རྩོལ་གྱི་མངོན་པར་འདུ་བྱེད་དང་བཅས་པའི་སྒོ་ནས་མྱང་འདས་མངོན་དུ་བྱེད་པ་དང་། དེ་གང་ཞིག་གཟུགས་མེད་བཞི་ལ་སྐྱེ་བ་རིམ་གྱིས་བླངས་ནས་སྲིད་རྩེར་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་ནོ། །གང་དུ་མྱང་འདས་མངོན་དུ་བྱེད་པའི་རྟེན་གྱི་སྒོ་ནས་དང་པོ་གསུམ་པོ་རེ་རེ་ལ་ཡང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་ནས་སྲིད་རྩེའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་བར་བཞི་བཞི་ཡོད་ཅིང་། ཕྱི་མ་ལ་རྒྱུའི་དུས་སུ་བསམ་གཏན་སྤེལ་སྒོམ་མ་སྤྱད་པས་འཕར་བ་སོགས་བྱེད་མི་ནུས་པའི་ཕྱིར་ན་གནས་ཐམས་ཅད་དུ་འཆི་འཕོ་བ་ཁོ་ནའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྐྱེས་བུ་མཆོག་གི་གསལ་བྱེད་ལས་སོ། །
Domain ཆོས་ལུགས།
གཟུགས་མེད་ཉེར་འགྲོ་ (2)
Part of speech མིང་ཚིག
Definition ཤི་འཕོས་མ་ཐག་གཟུགས་མེད་དུ་ཉིང་འཚམས་སྦྱོར་བར་ངེས་པའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་དུ་དམིགས་པ། དེའི་མཚན་ཉིད། དེ་ལ་དབྱེ་བ། དེར་གྱུར་བའི་སྐྱེས་ནས་འདའ་བ། མངོན་པར་འདུ་བྱེད་དང་བཅས་ནས་འདའ་བ། མངོན་པར་འདུ་བྱེད་མེད་པར་འདའ་བ། གོང་འཕོ་བ་དང་བཞི་ཡོད། དེ་རྣམས་ཀྱི་ཁྱད་པར་ཡོད་དེ། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་ཡང་ཡིན། གཟུགས་མེད་ཀྱི་སྐྱེ་བ་གཅིག་ཁོ་ན་བླངས་ནས་དེའི་སྐྱེ་སྲིད་གྲུབ་མ་ཐག་ཏུ་མྱ་ངན་ལས་འདའ་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། དང་པོའི་མཚན་ཉིད། གཞན་འདྲ་བ་ལ། གཟུགས་མེད་དུ་སྐྱེ་སྲིད་གཅིག་བླངས་ནས་དེའི་ཚེ་མཇུག་ཁོ་ན་ལ་འབད་རྩོལ་ཆེན་པོས་ལམ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། གཉིས་པའི་མཚན་ཉིད། གཞན་འདྲ་བ་ལ། དེའི་ཚེ་མཇུག་ལ་འབད་པ་མེད་པར་མྱ་ངན་ལས་འདའ་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། གསུམ་པའི་མཚན་ཉིད། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་ཡང་ཡིན། གཟུགས་མེད་དུ་སྐྱེ་བ་བརྒྱུད་ནས་ལེན་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། བཞི་པའི་མཚན་ཉིད།