99070

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡེའུ་དགོན་ནམ་བདེ་ཕུ་དགོན་ (1)
Part of speech མིང་ཚིག
Definition དགོན་འདི་ནི་རྒྱལ་རྩེ་གོང་ཁྱེར། གཙང་འགས་གྲོང་རྡལ། གྲོང་ཚོ་ལྔ་པའི་གྲོང་སྟོད་དུ་ཆགས་ཡོད་ཅིང་། དེང་སྐབས་ཙའུ་གྲོང་ཚོ་ཡང་ཟེར། དགོན་པ་འདིའི་མཚན་དངོས་ལ་བདེ་ཕུ་དགོན་ཟེར། སྔར་དེའི་ཉེ་འཁོར་དུ་དགོན་པ་ལྔ་ཡོད་པ་རྣམས་ལ་བདེ་ཕུ་དགོན་པ་ལྔ་ཞེས་བཤད་སྲོལ་ཡོད། དེང་སྐབས་དགོན་སྡེ་གཞན་རྣམས་དགོན་ཤུལ་ཙམ་ལས་མེད། དེ་ཡང་མྱང་ཆོས་འབྱུང་ལས། ཕུ་ན་བདེ་ཕུ་དགོན་པ་ལྔ་ཞེས་གསུངས་སོ། དེང་སྐབས་ཁ་སྐད་དུ་སྡེའུ་དགོན་ཞེས་བརྗོད་ཀྱི་ཡོད། དགོན་འདི་ཕྱག་འདེབས་པ་པོ་སུ་ཡིན་མ་རྟོགས་ཀྱང་། གང་ལྟར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་ནས་ཡོད་པར་གསལ། དེ་ཡང་མྱང་ཆོས་འབྱུང་ལས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ཡོན་ལྗོངས་ལྷག་མ་ལ། སྟག་རྩེ་ན་རྟེ་ར་དགོན་པ་ལྔ། བཙས་༼བཙད༽ཕུ་ན་བདེ་ཕུ་དགོན་པ་ལྔ། རྒྱང་མཁར་ན་བ་འུག་ལྷ་ཁང་ལྔ། ཞེས་གསུངས་པས་སོ། །མངའ་བདག་མྱང་རས་པ་ཡང་གདན་ས་འདིར་ཡུན་རིང་བཞུགས་པ་མ་ཟད་སྐབས་དེར་དགོན་པའི་ཕྱི་ནང་ཚང་མ་གྲ་རྒྱས་ཕུན་སུམ་ཚོགས་པོ་བྱུང་ཡོད། རིམ་བཞིན་ཕྱི་ནང་གང་སྤྱིར་ཉམས་རྒུད་སོང་སྟེ་རྒྱ་དམར་གྱི་ཉམས་ཉེས་མ་བྱུང་བའི་སྔོན་ཙམ་ནས་གཏན་བཞུགས་གྲྭ་བཙུན་མེད་འདུག། ཕྱི་ལོ་༡༩༨༤ ལོར་གཙང་ཆུང་སྤྲུལ་སྐུ་རིན་པོ་ཆེས་ཇོ་བོའི་སྐུ་འདྲ་རྩ་ཆེན་ཞིག་གནང་བ་དང་སྦྲགས། ཡུལ་མི་མཆོག་ལེགས་དང་། ཚེ་རིང་ལྷ་རྒྱལ། བཀྲ་ཤིས་རྒྱལ་མཚན། སྤེན་པ་ཚེ་རིང་བཅས་ལ་སྐུལ་སློང་བཟང་པོས། སྔར་གྱི་དགོན་ཤུལ་དུ་འདུ་ཁང་དང་། སྒོ་འཕྱོར། རུང་ཁང་། གཉེར་ཚང་། གྲྭ་ཤག་བཅས་རྟེན་དང་། བརྟེན་པ་སྐུ་བརྟེན་པར་གསར་བཞེངས་གནང་འདུག དུས་ཆེན་ཆེ་གྲས་ཀྱི་སྐོར། བོད་ཟླ་དྲུག་པའི་ཚེས་༡༥ ཉིན་སྡིའུ་མིག་དམག་དུས་ཆེན་ཞེས་དགེ་འདུན་པ་ཚོས་ཚོགས་མཆོད་འབུལ་བ་དང་། དེ་ཁུལ་གྱི་ཡུལ་མི་རྣམས་དགོན་པར་འདུས་ཏེ་ལྷ་གསོལ་བྱ་བ་དང་། དགེ་འདུན་པར་སྐུ་འགྱེད་འབུལ་བ། མཆོད་ཐིག་རྒྱག་པ། དགོང་དྲོ་སྤྲོ་སྐྱིད་གཏོང་བ་སོགས་བྱ་སྲོལ་ཡོད། བོད་ཟླ་དགུ་པའི་ལྷ་བབ་དུས་ཆེན་ཉིན། དཀོན་མཆོག་སྤྱི་འདུས་ཀྱི་ཚོགས་མཆོད་འབུལ་བ། བོད་ཟླ་བཅུ་གཉིས་པའི་ནང་ལོ་གཏོར་བརྗེ་བ། བོད་ཟླ་དང་པོའི་ནང་འབུམ་སྒྲོག་ཞུ་བ། དེ་བཞིན་དུས་ངེས་མེད་དུ་གཤིན་གསོན་གང་རུང་གི་ཞབས་རིམ་སོགས་སྒྲུབ་བཞིན་པ་བཅས་ཀྱི་ལོ་རྒྱུས་ཡོད་འདུག

{{#arraymap:སྡེའུ་དགོན་ནམ་བདེ་ཕུ་དགོན་

|; |@@@ | | }}