99144

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་གསུམ་རབ་དབྱེའི་ཁྱད་ཆོས་དྲུག་ (1)
Part of speech མིང་ཚིག
Definition སྡོམ་གསུམ། བསྟན་བཅོས་འདི་ནི་ཁྱད་པར་གྱི་ཆོས་དྲུག་དང་ལྡན་ཏེ། ཐུབ་པའི་བསྟན་པ་གཞིར་བྱས་པ་དང། ལོག་ལྟའི་མུན་པ་བསལ་བ་དང། བློ་གསལ་གྱི་བློ་གྲོས་བསྐྱེད་པ་དང། ཀུན་སློང་དག་པས་བཤད་པ་དང། མཁས་པ་ཀུན་གྱི་དགོངས་པ་ཕྱོགས་གཅིག་པ་ཡིན་པ་དང། བླུན་པོས་རྟོགས་པར་དཀའ་བའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། ། ཡང་། སྡོམ་པ་གསུམ་གྱི་བསྟན་བཅོས་ཉི་མའི་སྣང་བ་འདི། དེང་འདིར་བསྟན་པ་དང་སྐལ་ལྡན་གྱི་གདུལ་བྱ་མཐའ་ཡས་པའི་དཔལ་དུ་ཤར་བ་ཡིན་ཏེ། ཐུབ་པའི་བསྟན་པ་རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་ལ་ལོག་ལྟའི་མུན་ནག་གི་ཚང་ཚིང་རྣམ་པར་བསལ་ནས། གདུལ་བྱ་བློ་གསལ་གྱི་ཚོགས་ཀྱི་བློ་གྲོས་ཀྱི་པདྨོ་ཁ་འབྱེད་པས་སོ། །ཧྲིལ་དྲིལ་ན་བསྟན་བཅོས་འདི། བྱེད་ལས་གཉིས་དང་ལྡན་པ་ཡིན་ཏེ། སངས་རྒྱས་ཀྱི་བསྟན་པའི་ཉམས་ལེན་འཁྲུལ་པ་འགོག་པས་ཕས་རྒོལ་ཚར་བཅད་ནས། མ་འཁྲུལ་པའི་གནད་ཀྱིས་བློ་གསལ་རྗེས་སུ་འཛིན་པར་བྱེད་པའི་ཕྱིར། གཞན་ཡང་བསྟན་བཅོས་འདི་ཆོས་ཅན། ཁྱད་པར་གྱི་ཆོས་བཞི་དང་ལྡན་པ་ཡིན་ཏེ། རྒྱལ་བ་ཀུན་གྱི་མདོ་རྒྱུད་ཀྱི་དགོངས་པ་ཁྱོད་འདི་ཡིན་པ་དང། རྩོམ་པ་པོ་བདག་གི་ཀུན་སློང་གི་བསམ་པ་འགྲོ་ལ་ཕན་པའི་བསམ་པ་རྣམ་པར་དག་པས་བཤད་པ་དང། བསྟན་འཛིན་མཁས་པ་ཀུན་གྱི་དགོངས་པ་ཕྱོགས་གཅིག་པ་ཁྱོད་འདི་ཡིན་པ་དང། དེ་ལྟ་མོད་ཀྱི་ད་དུང་བླུན་པོ་རྣམས་ཀྱིས་རྟོགས་པར་དཀའ་བ་སྟེ་ཁྱད་ཆོས་བཞི་དང་ལྡན་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་གསུངས་སོ། ། དེ་སྐད་དུའང་འཇམ་མགོན་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས། ཐུབ་པའི་བསྟན་པ་རིན་ཆེན་གཞལ་མེད་ཁང་། །ལོག་ལྟའི་མུན་ནག་ཚང་ཚིང་རྣམ་པར་བསལ། །བློ་གསལ་བློ་ཡི་པདྨ་ཁ་འབྱེད་པ། །བསྟན་བཅོས་ཉི་མའི་སྣང་བ་དེང་འདིར་ཤར། །རྒྱལ་བ་ཀུན་གྱི་དགོངས་པ་འདི་ཡིན་ཞེས། །འགྲོ་ལ་ཕན་པའི་བསམ་པས་བདག་གིས་བཤད། །མཁས་པ་ཀུན་གྱི་དགོངས་པ་འདི་ཡིན་མོད། །ད་དུང་བླུན་པོ་རྣམས་ཀྱིས་རྟོགས་པར་དཀའ། །ཞེས་སོ། །
Domain ཆོས་ལུགས།

{{#arraymap:སྡོམ་གསུམ་རབ་དབྱེའི་ཁྱད་ཆོས་དྲུག་

|; |@@@ | | }}