99145

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་གསུམ་རབ་དབྱེའི་བརྗོད་བྱའི་གཙོ་བོ་ (1)
Part of speech མིང་ཚིག
Definition ས་སྐྱ། སོ་སོར་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་པའི་སེམས་བསྐྱེད་དང། གསང་སྔགས་ཀྱི་ནི་དབང་སྐུར་དང་གསུམ་ནི། བརྗོད་བྱའི་གཙོ་བོ་ཡིན་པས་སྐབས་གསུམ་དུ་རིམ་པ་བཞིན་དུ་སྟོན་ཏོ། །དེ་དག་གི་ལེན་པའི་ཆོ་ག་དང་། སོ་སོའི་བསླབ་པར་བྱ་བ་ནི། སྐབས་གསུམ་དུ་སོ་སོར་སྟོན་ནོ། །སེམས་བསྐྱེད་པའི་གནད་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་ནི་སྐབས་གཉིས་པར་བསྟན་ནོ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ནི་སྐབས་གསུམ་དུ་ཆར་དུ་ཅི་རིགས་པར་སྟོན་ནོ། །རིམ་པ་གཉིས་ཀྱི་གསང་ཚིག་ལ། རིམ་པ་གཉིས་མི་དགོས་པར་འདོད་པའི་ལོག་རྟོག་དགག་པ་ནི། ཁ་ཅིག་འཁྲུལ་དང་མ་འཁྲུལ་མེད། །ཅེས་སོགས་སུ་སྟོན་ཅིང་གསང་ཚིག་དངོས་ནི་གཞུང་འདིར་མི་སྟོན་ནོ། །ཡེ་ཤེས་ཕྱག་རྒྱ་ཆེན་པོ་དང་། ཕྱི་དང་ནང་གི་རྟེན་འབྲེལ་དང་། ས་དང་ལམ་གྱི་རྣམ་བཞག་གསུམ་ནི་སྐབས་གསུམ་པར་སྟོན་ནོ། །བཅུ་གཉིས་པོ་འདི་དག་ནི་བརྗོད་བྱ་གཙོ་བོ་བསྡུས་པ་ཡིན་ཅིང་དེ་དག་གི་ཡན་ལག་དང་བཅས་པ་ལ་མ་འཁྲུལ་བ་སྒྲུབ་པའི་རྣམ་དབྱེ་བཤད་ཅེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་གསུང་རབ་དགོངས་གསལ་ལས་སོ། །
Domain ཆོས་ལུགས།