99161

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་པ་གང་ལས་ཐོབ་པའི་གཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འདོད་པའི་སས་བསྡུས་ཀྱི་རྣམ་པར་རིག་བྱེད་དང་། རིག་བྱེད་མ་ཡིན་པར་གྱུར་པའི་སོ་ཐར་གྱི་སྡོམ་པ་ནི། སྤང་བྱ་མི་དགེ་བའི་ལས་ལམ་གྱི་སྦྱོར་དངོས་མཇུག་གསུམ་ཐམས་ཅད་སྤོང་བ་ཁས་བླངས་པ་ལས་ཐོབ། གཞི་སེམས་ཅན་དུ་སྟོན་པ་དང་མི་སྟོན་པ་གཉིས་ཀ་ལས་ཐོབ་སྟེ། མ་བྱིན་ལེན་སྤོང་བ་ལྟ་བུ་སེམས་ཅན་དུ་མི་སྟོན་པའི་རྫས་ལོངས་སྤྱོད་ལས་ཐོབ། སྲོག་གཅོད་སྤོང་བ་ལྟ་བུ་སེམས་ཅན་ལས་ཐོབ་པའི་ཕྱིར། བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་གཉིས་ཀ་ལས་ཐོབ་སྟེ། དེ་དག་སྤོང་བས་ཁས་བླངས་པ་ལས་ཐོབ་པའི་ཕྱིར། སྤོང་བའི་གཞི་གང་ལས་ཐོབ་ན། ད་ལྟར་གྱི་ཕུང་ཁམས་སྐྱེ་མཆེད་རྣམས་ལས་སྤང་བྱ་དེ་དང་དེའི་གཉེན་པོར་སྡོམ་པ་དེ་དང་དེ་ཐོབ་པར་འགྱུར་གྱི། འདས་མ་འོངས་ལས་ནི་མ་ཡིན་ཏེ། འདས་མ་འོངས་ད་ལྟར་སེམས་ཅན་དུ་སྟོན་པའི་ཆོས་མ་ཡིན་པས་སོ། །བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ནི་ལས་ལམ་གྱི་དངོས་གཞི་ཁོ་ན་ལས་ཐོབ་པ་ཡིན་གྱི། སྦྱོར་མཇུག་དང་བཅས་པ་ལས་མ་ཡིན་ཏེ། སྦྱོར་མཇུག་ལ་མ་ལྟོས་པའི་ཕྱིར་དང་། སྤང་བྱའི་གཞི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཁོ་ན་སྤོང་བ་ལས་ཐོབ་པའི་ཕྱིར། དུས་ནི་ཐམས་ཅད་ལས་ཐོབ་སྟེ། སེམས་ཀྱི་རྗེས་འབྲངས་ཡིན་པས་འདས་མ་འོངས་ཀྱི་སྡོམ་པའང་ཐོབ་པའི་ཕྱིར། སྤྱིར་སོ་ཐར་གྱི་སྡོམ་པ་འདི་གཞི་སེམས་ཅན་ཐམས་ཅད་དང་། བསླབ་པའི་ཡན་ལག་ཐམས་ཅད་དང་། སྡོམ་པའི་རྒྱུ་ཐམས་ཅད་ལས་ཐོབ་པའམ། འོན་ཏེ་དབྱེ་བ་ཡོད་ཅེ་ན། སེམས་ཅན་ཐམས་ཅད་ལས་ཐོབ་སྟེ། གཞན་ལ་གནོད་པ་གཞི་དང་བཅས་པ་ལས་བཟློག་དགོས་པས་སོ། །ཡན་ལག་ལས་ནི་དབྱེ་བ་ཡོད་དེ། དགེ་སློང་གི་སྡོམ་པ་ནི་ལུས་ངག་གི་སྤང་བྱ་བདུན་ཆར་སྤོང་བར་ཁས་བླངས་པས་སྤོང་བདུན་དང་། དགེ་ཚུལ་དང་དགེ་བསྙེན་གྱི་སྡོམ་པ་ནི། ལུས་ཀྱི་མི་དགེ་བ་གསུམ་དང་། ངག་གི་བརྫུན་ཏེ་བཞི་སྤོང་བར་ཁས་བླངས་པས་སྤོང་བཞིའི་སྡོམ་པ་ཡིན་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།