99170

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་པ་གསུམ་གྱི་རབ་དབྱེ་ (1)
Part of speech མིང་ཚིག
Definition སྡོམ་གསུམ། ས་སྐྱ། ༡ སོ་སོ་ཐར་པའི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའི་སེམས་བསྐྱེད་དང། །གསང་སྔགས་ཀྱི་ནི་དབང་བསྐུར་དང། །དེ་དག་གི་ནི་ཆོ་ག་དང། །སོ་སོའི་བསླབ་པར་བྱ་བ་དང། །སེམས་བསྐྱེད་པ་ཡི་གནད་རྣམས་དང། །སྟོང་ཉིད་སྙིང་རྗེའི་སྙིང་པོ་དང། །རིམ་པ་གཉིས་ཀྱི་གསང་ཚིག་དང། །ཡེ་ཤེས་ཕྱག་རྒྱ་ཆེན་པོ་དང། །ཕྱི་དང་ནང་གི་རྟེན་འབྲེལ་དང་། །ས་དང་ལམ་གྱི་རྣམ་གཞག་གི། །རྣམ་པར་དབྱེ་བ་བཤད་ཀྱིས་ཉོན། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། ༢ སྡོམ་པ་གསུམ་ནི་རྡོ་རྗེའི་རྩེ་མོར། སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་ངོ་བོའོ། །ཞེས་པ་ལྟར་ཡིན་ལ། རབ་ཏུ་དབྱེ་བ་ནི་གསུམ་པོ་དེ་དག་གིས་ནང་གསེས་གྱི་དབྱེ་བ་ཙམ་སྟོན་པ་མ་ཡིན་པར། དང་པོར་ལེན་པའི་ཆོ་ག བར་དུ་བསྲུང་བའི་བསླབ་བྱ། མཐར་འབྲས་བུ་འབྱིན་པའི་ཚུལ་རྣམས་ལ་སངས་རྒྱས་ཀྱི་གསུང་དང་མི་མཐུན་པའི་ལོག་པར་རྟོག་པ་མཐའ་དག་བཀག་ནས། ཉམས་ལེན་ཐམས་ཅད་སངས་རྒྱས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་སྟོན་པས་ན་དེ་སྐད་ཅེས་བྱའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། ། བསྟན་བཅོས་འདི་ལ་སོ་ཐར་བྱང་སེམས་སྔགས་ཀྱི་སྡོམ་པ་དང་གསུམ་གྱི་རབ་ཏུ་དབྱེ་བ་ཞེས་བྱ་སྟེ། བརྗོད་བྱ་སྡོམ་པ་གསུམ་པོ་དེ་དང་པོར་ལེན་པའི་ཆོ་ག་བར་དུ་བསྲུང་བའི་བསླབ་བྱ། མཐར་འབྲས་བུ་འབྱིན་པའི་ཚུལ། ཉམས་ལེན་གྱི་གནད་སོ་སོ་དང་བཅས་པ་ལ་འཁྲུལ་བ་བཀག་ནས། མ་འཁྲུལ་བར་བསྒྲུབ་པའི་རྣམ་དབྱེའི་ངག་ཡིན་པས་སོ། །སོར་སྡོམ་སོགས་གསུམ་ལ་སྡོམ་པ་གསུམ་གྱི་ཐ་སྙད་ནི་རྒྱུད་རྡོ་རྗེའི་རྩེ་མོ་ལས་བཤད་པ་ཡིན་ཞིང་། ཁྱབ་མཉམ་དུ་འཁྲུལ་བར་མི་བྱ་སྟེ། རྡོ་རྗེ་རྩེ་མོའི་དངོས་བསྟན་ནི་གསུམ་ལྡན་གྱི་རྒྱུད་ཀྱི་སྡོམ་གསུམ་སོ་སོ་ཡིན་པས། དོན་ལ་སྔགས་སྡོམ་ཉིད་ཡིན་ལ། སྐབས་འདིའི་སོར་སྡོམ་བྱང་སྡོམ་གཉིས་ནི་སྔགས་ཀྱི་རྩིས་མ་ཟིན་པ་ཁོ་ན་ཡིན་པའི་རྣམ་དབྱེ་གཅེས་སོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
Domain ཆོས་ལུགས།