From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྣང་རུང་མ་དམིགས་པའི་རྟགས་ཡང་དག་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ་སྡེ་བ། སྣང་རུང་མ་དམིགས་པའི་ཚུལ་གསུམ་ཡིན་པ། གོ་དོན་རྒྱས་པ་དང་དབྱེ་བ་སོགས་དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པར་གཟིགས།
|
| Domain
|
ཚད་མ།
|
སྣང་རུང་མ་དམིགས་པའི་རྟགས་ཡང་དག་ (2)
| Part of speech
|
མིང་ཚིག
|
| Definition
|
མཚན་ཉིད་ནི། ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དགག་བྱའི་ཆོས་མེད་ངེས་སུ་བསྒྲུབ་ནུས་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། དབྱེ་བ་ལ། འབྲེལ་ཟླ་མ་དམིགས་པ་དང་། འགལ་ཟླ་མ་དམིགས་པའི་གཏན་ཚིགས་ཡང་དག་གོ ། ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
|
སྣང་རུང་མ་དམིགས་པའི་རྟགས་ཡང་དག་ (3)
| Part of speech
|
མིང་ཚིག
|
| Definition
|
པཎ་ཆེན་བསོད་ནམས་གྲགས་པ་མཆོག་གི རྣམ་འགྲེལ་དགོངས་པ་རབ་གསལ་ལས། རང་ལུགས་གོ་དོན་ལ་སྦྱར་ན། ཁྱོད་སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་མ་དམིགས་པའི་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡོད་ན། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན། ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་ཚད་མ་ལ་སྣང་དུ་རུང་བས་ཁྱབ་པ་དེ། ཁྱོད་དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། རྣམ་རྩར། གཏན་ཚིགས་བྱེ་བྲག་ལ་ལྟོས་ནས། འགའ་ཞིག་མེད་ཤེས་འབྲས་བུ་ཅན། ཞེས་བྱུང། མདོར་ན་གཞི་འགར་ཆོས་དེ་ཡོད་ན་རྟོགས་པའི་ཆ་རྐྱེན་ཚང་བ་ཞིག་གིས་རྟོགས་དགོས་པ་ལས་དེས་མ་རྟོགས་ན་མེད་པར་གོ་བར་བྱེད་པའི་ཐབས་ཤིག་གོ །
|
སྣང་རུང་མ་དམིགས་པའི་རྟགས་ཡང་དག་ (4)
| Part of speech
|
མིང་ཚིག
|
| Definition
|
མ་དམིགས་པའི་རྟགས་ཡང་དག་ལ་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། (མ་དམིགས་པའི་རྟགས་ཡང་དག་)གང་ཞིག ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་ཡུལ་དེ་ཡོད་ན་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གང་ཟག་ལ་བལྟར་རུང་བ། དབྱེ་ན་(འབྲེལ་ཡུལ་མ་དམིགས་པའི་རྟགས་ཡང་དག་དང་། འགལ་ཟླ་དམིགས་པའི་རྟགས་ཡང་དག་)གཉིས། ཞེས་གསུངས།
|
སྣང་རུང་མ་དམིགས་པའི་རྟགས་ཡང་དག་ (5)
| Part of speech
|
མིང་ཚིག
|
| Definition
|
སྐབས་བབས་ཀྱི་ཕྱི་རྒོལ་ལ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་སྣང་རུང་གི་བྱེ་བྲག་ལ་ལྟོས་ནས་མ་དམིགས་པའི་ཚུལ་གསུམ་ཡིན་པ་དེ་ལ་སྣང་རུང་མ་དམིགས་པའི་རྟགས་ཞེས་ཟེར་བ་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་ཀྱང་ཡིན། དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་བསྐལ་དོན་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པ་དེ། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དེ་ལ་དབྱེ་ན། སྣང་རུང་གི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་དང། སྣང་རུང་གི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གཉིས། ཞེས་གསུངས་པའི་ཕྱིར།
|