99602
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་ཆེན་པོའི་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ནང་ཚན་ལས་ཀྱི་འཕྱོང་ཞེས་བྱ་བ་ཡིན་ལ། སྤྱི་སྤུངས་བསྙེན་བསྒྲུབ་༼བསྙེན་པ་དགུ་དང་བསྒྲུབ་པ་བཅོ་བརྒྱད་ལ་གོ༽གཉིས་ཀྱི་ལས་རིམ་ལ་དངོས་སུ་འཇུག་སྐབས་གུད་དུ་བསྟན་པའི་ཁ་ཚར་ཟུར་བཀོལ་གྱི་བོན་ཏེ་སྣང་སྲིད་སྙོམས་ཤིང་བདེ་ཐབས་ཀྱི་སྐོང་བ་མདོས་ཀྱི་སྐོར་རྣམས་སོ། ། བསྐང་བའི་རྫས་ཀྱི་ཡོ་བྱད་ནི། གཟི་བརྗིད་ལས། མཐོ་སྟེ་སྲིད་རྩེར་མན་ཆད་དང་། །ཞེས་པ་ནས། གླུད་ཀྱང་དེ་བཞིན་འདོད་པ་ཡི། །ཞེས་པའི་བར་གྱི་དོན་ནི། ཕྱི་སྣོད་སྟོང་གསུམ་གྱི་ཞིང་དང་རི་རབ་གླིང་བཞི་གླིང་ཕྲན་ས་རྡོ་རི་བྲག་རྩི་ཤིང་ལ་སོགས་དང་། ནང་བཅུད་ཀྱང་སྐྱེ་འགྲོ་སྲིད་རྩེ་ནས་དམྱལ་བའི་གདར་སོ་ཡན་ཆད་ཀྱི་འགྲོ་བ་རྣམས་ཏེ་མངའ་རིས་ཟས་ནོར་རྒྱན་གོས་ལོངས་སྤྱོད་ཇི་སྙེད་ཡོད་པ་རྣམས་ལས་དཔེར་བླངས་ཤིང་དེ་དག་གི་སྣང་བརྙན་གྱི་རྣམ་པར་མདོས་དང་གླུད་དུ་བཞེངས་བསྐྲུན་བྱས་པ་རྣམས་ཡིན་ནོ། ། བསྐང་བའི་ཡུལ་ནི། དེ་ཡང་གཟི་བརྗིད་ལས། སྣང་སྲིད་རབ་འབྱམས་སྐོང་གི་འཕྱོང་། །ཞེས་པ་ནས། བསྐང་བའི་གནས་འདིར་སྐོང་གིས་བཀྱག ། ཅེས་གསུངས་པ་བཞིན། སྣང་སྲིད་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ཞིང་བཀའ་གཉན་པའི་དབལ་མོ་དང་མ་མོ་སྨན་མོ་དང་ཡེ་ཤེས་ཀྱི་ལྷ་དང་འཇིག་རྟེན་ལས་འདས་པའི་ཁྲོ་བོ་དང་ཁྲོ་མོའི་ཚོགས་དང་དེ་དག་གི་བྲན་དང་ཕོ་ཉ་ལས་བྱེད་ཀྱི་ཚོགས་དང་། འཇིག་རྟེན་གྱི་ལྷ་སྲིན་སྡེ་བརྒྱད་མངའ་དབང་ཅན་གྱི་ཡུལ་སའི་སྡེ་ཚོགས་རྣམས་སོ། ། དགོས་ཆེད་ནི། བསྟན་པ་བསྲུང་བ་དང་བསྙེན་བསྒྲུབ་ཀྱི་ཕྲིན་ལས་ལ་སྡོང་གྲོགས་གྱི་མཐར་ཕྱིན་པ་འཇིག་རྟེན་བདེ་ཞིང་ཁ་ཡོ་སྙོམས་པ་སྟོང་ཁམས་རེ་བ་སྐོང་བ་བར་ཆོད་དགྲ་བགེགས་ཞི་བ་ཚེ་གཡང་བསོད་ནམས་འཕེལ་བ་སོགས་ཀྱི་ཆེད་ཡིན་པར་གསུངས་སོ། ། གོང་དུ་བསྐང་བའི་འཕྱོང་འདི་སྣང་གཤེན་གྱི་དོན་དུ་སྦྱར་བར་གསུངས་པའི་དོན་ཇི་ཡིན་ཞེ་ན། འདི་ཉིད་སྣང་གཤེན་གྱི་བོན་དཔོན་གསས་ཕྱག་བརྙན་གྱི་བོན་སྒོ་དང་ལག་ལེན་གྱི་རྣམ་པ་ལ་མཐུན་པ་ཡིན་པའི་དོན་ཡིན་པར་མངོན། དེ་ལྟར་གསུངས་པ་ཡང་གདུལ་བྱ་བཀྲི་དྲང་གི་ཆེད་དུ་དེ། ཐེག་པ་དམན་པ་སྣང་གཤེན་པ་རྣམས་སྤྱི་སྤུངས་ཡན་ལག་གི་བོན་ཏེ་མདོས་ཀྱི་འཕྱོང་འདིར་འཇུག་ནས་རིམ་བཞིན་དུ། ཐེག་པ་གོང་མ་གསང་སྔགས་སྤྱི་སྤུངས་ཞི་ཁྲོའི་བོན་ལ་བྲོད་པ་བསྐྱེད་ཅིང་བློ་ཁ་ཕྱོགས་པའི་ཐབས་སུ་བསྟན་པར་མངོན་ཏེ། གཟི་བརྗིད་ལས། སྣང་ཞིང་སྲིད་པའི་ཁ་ཡོ་སྙོམས། །འགྲོ་བ་སྡུག་བསྔལ་ཉོན་མོངས་ཞི། །དེས་ནི་བར་ཆོད་རྐྱེན་རྣམས་བཟློག ། སྣང་སྲིད་ཞི་བདེ་ཆ་ལ་སྙོམས། །དེ་ཕྱིར་དབལ་མོ་སྐོང་གིས་བཅོས། །མཁའ་ཀློང་རབ་འབྱམས་དབྱིངས་སུ་བསྐང་། །ཆབ་དཀར་སྔགས་ཀྱི་གཞུང་ལ་འགྲེས། །ཞེས་པས་སོ། ། |
| Domain | ཆོས་ལུགས། |