99619
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དཔེར་ན་སྣམ་སྦྱར་གྱི་སྣམ་ཕྲན་ཞེས་པ་ནི་གྱེན་ཐུར་དུ་སྒྲིག་པའི་གྲལ་རིམ་གཅིག་ལ་སྣམ་ཕྲན་གཅིག་ཅེས་པ་ཡིན་ནོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། འོ་ན། ཆོས་གོས་གསུམ་སྣམ་ཕྲན་དང་གླེགས་བུ་ཅི་ཙམ་དང་ལྡན་པ་ཡིན་ཞེ་ན། བཤད་དུ་ཡོད་དེ། སྣམ་སྦྱར་གྱི་དབང་དུ་བྱས་ན། མདོར། སྣམ་སྦྱར་གྱི་སྣམ་ཕྲན་དག་ནི་དགུ་ཡན་ཆད་ཉི་ཤུ་རྩ་ལྔ་མན་ཆད་དེ་ཟུང་མ་གཏོགས་སོ། །དེ་ཡན་ཆད་ནི་ཚེམ་བུའོ། །དང་པོ་གསུམ་ལ་ནི་དེ་དག་གི་གླེགས་བུ་ཕྱེད་དང་གསུམ་པ་ཉིད་དོ། །ཞེས་གསུངས། ཡང་དེ་ཉིད་ལས། བླ་གོས་ལ་སྣམ་ཕྲན་བདུན་དང་། གླེགས་བུ་ཕྱེད་དང་གསུམ། མཐང་གོས་ལ་སྣམ་ཕྲན་ལྔ་དང་གླེགས་བུ་ཕྱེད་དང་གཉིས་རྣམས་ཡོད་པའི་ཕྱིར། འོ་ན། སྣམ་ཕྲན་དང་གླེགས་བུ་སྦྱོར་ཚུལ་ཇི་ལྟར་ཡིན་ཞེ་ན། བཤད་དུ་ཡོད་དེ། མདོར། སྣམ་ཕྲན་སྣྲེལ་ཞི་ཉིད་དང་། ལྷག་མ་མཉམ་པ་ཉིད་དང་། དབུས་ནས་གཞན་དུ་གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་ལྟ་བ་ཉིད་དང་། མཐའ་བསྐོར་བ་ཉིད་དག་གིས་སོ། །མཐང་གོས་དང་བླ་གོས་དང་སྣམ་སྦྱར་ལའོ། །ཞེས་གསུངས་པ་ལྟར། སྲིད་ལ་ཕྲེད་གཅད་དུ་བཏང་བའི་ཚལ་ཐུང་རྣམས། གཅིག་གི་དྲང་ཐད་དུ་གཅིག་མ་ཡིན་པར་མཐོ་དམན་དུ་བྱས་པའི་སྣམ་ཕྲན་སྣྲེལ་ཞི་སྟེ་རིམ་པ་འཆོལ་བའི་ཐོད་བརྒལ་དུ་བཏང་བ་ཞེས་བྱ་ཞིང་། ཞེང་དུ་ཐལ་དྲངས་སུ་བཏང་བའི་སྣམ་ཕྲན་དེ་དག་གི་འཕྲོས་ནོན་པའི་ལྷག་མ་ཕན་ཚུན་མཉམ་པ་ཉིད་དང་། ཞེང་དུ་བཏང་བའི་སྣམ་ཕྲན་དབུས་མ་གཉིས་ཀྱི་བར་གླེགས་བུ་ནི་དབུས་ཏེ། དེ་ནས་གཡས་གཡོན་དུ་སྣམ་ཕྲན་གྱི་གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་ཕྱི་རྒྱུད་དུ་ལྟ་བ་ཉིད་དང་། ཆུ་ཞེང་གི་མཐའ་ཀུན་ནས་བསྐོར་བ་ཉིད་དག་གིས་བྱ་བ་ཡིན་པའི་ཕྱིར། གདིང་བ་ཡང་། མདོར། དེ་ལ་གླེགས་བུའི་འཕྲོ་བྱའོ། །འོག་རོལ་གྱི་གསུམ་ཆའི་དང་པོར་ཞེས་གསུངས་པ་ལྟར་གླེགས་བུ་ཕྱེད་དང་གཉིས་བྱ་ཞིང་གླེགས་བུའི་འཕྲོ་ཡང་འོག་རོལ་དུ་སྟེ་རྒྱབ་ཏུ་སུམ་ཆ་བོར་བའི་དང་པོར་བྱ་བ་ཡིན་ནོ། །གླེགས་བུ་གཅིག་པ་ནི་མི་བྱ་སྟེ། གླེགས་བུ་གཅིག་པ་ནི་བྱིན་གྱིས་བརླབས་པར་མི་བྱའོ་ཞེས་པའི་མདོ་ལས་སོ། ། |
| Domain | ཆོས་ལུགས། |