99785

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣོད་ཀྱི་འཇིག་རྟེན་ཆགས་རིམ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ས་སྐྱ། དེ་ཡང་འཇིག་རྟེན་འདི་ཆགས་པའི་སྔ་ལྟས་སུ་སེམས་ཅན་སྤྱི་མཐུན་གྱི་ལས་མཐུན་ལས་ནམ་མཁའ་སྟོང་པ་ལ་དང་པོ་རླུང་འཇམ་བུ་ལངས་པ་ཡུན་རིང་པོ་སོང་བ་ལས་འོག་གཞི་རླུང་གི་དཀྱིལ་འཁོར་རྔམས་སུ་དཔག་ཚད་ས་ཡ་གཅིག་དང་དྲུག་འབུམ་རྒྱར་གྲངས་མེད་པ་ཚན་པོ་ཆེའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པ་སྲ་ཞིང་བརྟན་པར་ཆགས་པ་བཞེད། དེ་ལྟ་བུའི་རླུང་གི་དཀྱིལ་འཁོར་འདི་ནི་ངོ་བོ་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པ་ལ་རླུང་གི་རང་བཞིན་གཙོ་བོར་གྱུར་པས་ན་ས་ཆུ་མེ་རླུང་གི་ནང་ནས་རླུང་དུ་བཞེད། རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་ལས་ཆར་ཆེན་པོ་བབས་པས་ཆུའི་དཀྱིལ་འཁོར་ཆགས། ཆུ་འདི་ཕྱིར་མི་འཕོ་བའི་རྒྱུ་ནི་རླུང་སྲ་ཞིང་བརྟན་པས་ཆུའི་ལོགས་ཐམས་ཅད་བསྐོར་བས་ཕྱིར་མི་ལྟུང་བ་ཡིན། རྣམ་བཤད་ཁ་ཅིག་ལས། ཟས་མ་ཞུ་བ་ལོངས་ཀར་མི་ལྷུང་བ་བཞིན་གནས་པ་ཡང་བཤད་དོ། །ཆུ་དེ་རླུང་གིས་བསྲུབས་པ་ལས་ཞོ་ལ་སྤྲིས་མ་ཆགས་པ་ལྟར་དབང་ཆེན་གསེར་གྱི་ས་གཞི་ཆགས་ཏེ་སའི་དཀྱིལ་འཁོར་རོ། །ཡང་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་སྟེང་གི་ནམ་མཁའ་ལ་ཁམས་སྣ་ཚོགས་པའི་སྙིང་པོ་ཅན་གྱི་སྤྲིན་འཁྲིགས་པ་ལས་ལོ་གྲངས་དུ་མར་ཆར་གྱི་རྒྱུན་གཉའ་ཤིང་ཙམ་བབས་པ་ལས་གསེར་གྱི་ས་གཞིའི་སྟེང་དུ་ཆུ་དཔངས་སུ་དཔག་ཚད་བརྒྱད་ཁྲི་ཡོད་པ་ཞིག་བྱུང་། དེའི་ནང་ནས་ཡར་པདྨ་སྟོང་བྱུང་པ་ལ་གནས་གཙང་མའི་ལྷ་རྣམས་ཀྱིས་ཅིའི་ལྟས་ཡིན་བརྟགས་པས། ད་ལན་བསྐལ་པ་ཆགས་པ་འདིའི་གནས་པ་ལ་སངས་རྒྱས་སྟོང་འབྱུང་བའི་མཚན་མ་ཡིན་པར་ཤེས་ཏེ། ཨེ་མ་ཧོ་བསྐལ་པ་འདི་ནི་བཟང་པོའོ་ཞེས་བསྒྲགས་པར་མདོ་སྡེ་སྙིང་རྗེ་པད་དཀར་ལས་བཤད། ས་གཞིའི་སྟེང་གི་ཆུ་དེ་ལོ་གྲངས་དུ་མར་རླུང་གིས་བསྲུབས་པ་ལས་དྭངས་མ་རྣམས་ནི་རི་རབ་དང་གསེར་གྱི་རི་བདུན་དང་རོལ་མཚོ་རྣམས་སུ་གྱུར་ཏེ་དེ་དག་ཆགས། ཁམས་སྙིགས་པ་རྣམས་ལས་གླིང་བཞི་གླིང་ཕྲན་བརྒྱད་ཀྱི་གནས་དང་། ཕྱིའི་ལྕགས་རི་དང་། ཕྱིའི་རྒྱ་མཚོ་ཆེན་པོ་རྣམས་བྱུང་སྟེ། དེ་ལྟར་འོག་གཞིའི་རླུང་ནས་རི་རབ་གྱི་རྩེ་མོའི་བར་ནི་མས་ནས་རིམ་བཞིན་ཆགས། དེའི་ཚེ་བསམ་གཏན་དང་པོའི་གནས་ནས་འཐབ་བྲལ་བའི་ལྷའི་གཞལ་མེད་ཁང་གི་བར་ནི་ཡས་ནས་རིམ་བཞིན་དུ་ཆགས་པར་ཀུན་མཁྱེན་བླ་མས་ངོ་མཚར་གསུམ་ལྡན་ལས་བཤད། དེ་ལྟ་བུའི་སྣོད་ཆགས་པ་ལ་བར་བསྐལ་གཅིག་གིས་ཡུན་ཚད་སོང་ངོ་ཞེས་ པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།