99866

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤགས་པ་སློང་བའི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ༡. གླེང་གཞི་ནི་མཉན་ཡོད་དུ་ཉེ་དགའ་ལ་ཁྱིམ་བདག་གིས་གོས་འབུལ་བར་བསམས་པས་སྤགས་པ་ལས་གང་བྱིན་པ་དེས་མི་མགུ་བར་ལྷག་པ་བསླངས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་པའོ། །དགག་བྱ་ནི་གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེས་པ་སྟེ་གོས་སློང་བ་བཞིན་ནོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་ལ་ཁྱིམ་པས་སྦྱིན་པར་བསམས་པས་སྤགས་པ་ལ་དེ་ལས་ལྷག་པའི་གོས་བསླངས་ཏེ་ལྷག་པ་དེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་བསླང་བའི་ཡུལ་དང་། གང་བསླང་བའི་དངོས་པོ་དང་། གང་གིས་སློང་བའི་རྟེན་ནོ། །དང་པོ་ནི། ཁྱིམ་པ་ཆོས་དྲུག་ལྡན་གྱི་སྟེང་དུ། དགེ་སློང་ལ་གོས་དེ་སྤགས་པར་བྱས་པ་པོ་ཡིན་པ་དང་། སྦྱིན་བདག་སྤུངས་ཆུང་བའོ། གཉིས་པ་ནི་དངོས་པོ་ཆོས་བཞི་ལྡན་ནོ། །གསུམ་པ་ནི་རྟེན་ཆོས་གཉིས་ལྡན་ཏེ་གོས་སློང་བའི་སྐབས་དང་འདྲའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་སྤགས་པ་དེ་ལས་ལྷག་པའི་གོས་རང་དོན་དུ་ངག་གིས་སློང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སློང་བར་ཞུགས་པའོ། །མཐར་ཐུག་ནི་ལྷག་པའི་གོས་ལ་ཐོབ་བློ་སྐྱེས་པའོ། །ཞེས་ཀུན་མཁྱེན་མཚོ་སྣ་བ་ཆེན་པོས་སོ། ། ༢. གཞི་ལ་བདག་ཉིད་གནང་བའི་རྐྱེན་དང་མི་ལྡན་པ། ཡུལ་ཁྱིམ་པ་ཐུན་མོང་གི་ཆོས་ལྔ་ལྡན་དང་། ལྐོག་ཏུ་སྨོས་ཤིང་མངོན་སུམ་དུ་སྟོབ་པ་པོ་མ་ཡིན་པ། སྤུངས་ཆུང་བས་ཁྱད་པར་དུ་བྱས་པའི་ཆོས་བདུན་ལྡན་གྱིས་བདག་གིར་བྱས་པའི་གོས་རུང་བ་ཚད་ལྡན་ནོ། །བསམ་པ་ལ་གཉིས་ལས། འདུ་ཤེས་མ་འཁྲུལ་བ། ཀུན་སློང་རང་གི་དོན་དུ་དཔགས་པ་སྔ་ཚོམས་སུ་ལེན་པར་འདོད་པའི་བསམ་པའོ། །སྦྱོར་བ་དེ་ལེན་པ་ལ་ལུས་ངག་གིས་ཞུགས་པའོ། །མཐར་ཐུག་ལག་ཏུ་ཐོབ་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། ། ༣. མཚན་གཞི་ནི། དགེ་སློང་གིས་ཁྱིམ་པ་ཉེ་དུ་མ་ཡིན་པས་བློས་སྤགས་པ་ལས་ལྷག་པའི་གོས་ནན་གྱིས་བསླངས་ནས་ལག་ཏུ་ཐོབ་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། སྤགས་པ་མ་ཕུལ་བ་ཤེས་པ་ན་མ་སྤགས་པ་དང་འདྲའོ། །དེ་ཉིད་གཞན་ཡིན་ནོ། །ཞེས་དང་ཁྱིམ་བདག་མོའི་ཁྱིམ་བདག་གིས། །གོས་ཀྱི་རིན་ནི་སྤགས་ན་དེར། །དགེ་སློང་རྣམ་པར་རྟོག་བཞིན་དུ། །སློང་ན་དེ་ནི་ལྟུང་བ་བཅས། །ཞེས་གསུངས་པའི་ཕྱིར། །འདི་ནི་ཉེར་དགས་ཁྱིམ་བདག་གི་ལྐོག་ཏུ་གོས་བསྔོས་པ་བསྔོས་པར་ཤེས་ནས་ཁྱིམ་བདག་ཅན་དུ་ཕྱིན་པ་ན་རས་ཡུག་ཕུལ་བས་འདི་ལས་བཟང་བ་དགོས་སོ་ཞེས་ཟེར་བ་དང། ཁྱིམ་བདག་གིས་ཚོང་འདུས་ནས་རས་ཡུག་ཕུན་སུམ་ཚོགས་པ་ཞིག་ཉོས་ནས་འབུལ་བར་ཁས་བླངས། སླར་དེའི་རིན་མ་ཁྱེར་བ་ན་ཁྱིམ་བདག་ལ་བརྡེག་ཙོག་བྱུང་བ་ལ་བརྟེན་ནས་བཅས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།