9988

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་བར་འདའ་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། འདོད་པ་ནས་གཟུགས་ཁམས་སུ་སྐྱེས་ནས་གཟུགས་ཀྱི་བར་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་ངེས་པའི་འདོད་པའི་རྟེན་ཅན་གྱི་འཕགས་པའི་གང་ཟག་ཞིག་ལ་འཇོག། མཚན་ཉིད་ནི། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གང་ཞིག གཟུགས་སུ་སྐྱེ་བའི་ཀུན་སྦྱོར་གསུམ་སྤངས་ཤིང་མངོན་པར་འགྲུབ་པའི་ཀུན་སྦྱོར་མ་སྤངས་པས་གཟུགས་ཀྱི་བར་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་དེ་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་བར་འདའ་བའི་འཇོག་བྱེད། དེ་ལ་དབྱེ་ན། གཟུགས་ཀྱི་བར་སྲིད་གྲུབ་མ་ཐག་མྱང་འདས་མངོན་དུ་བྱེད་པ། བར་སྲིད་གྲུབ་ནས་སྐྱེ་སྲིད་འཚོལ་བའི་སྣང་བ་མ་བྱུང་ཙམ་གྱི་ཚེ་མྱང་འདས་མངོན་དུ་བྱེད་པ་དང། སྐྱེ་སྲིད་དུ་འགྲོ་བར་སེམས་པའི་ཚེ་མྱང་འདས་མངོན་དུ་བྱེད་པ་སྟེ། མྱུར་བར་འདའ་བ། མྱུར་བ་མ་ཡིན་པར་འདའ་བ། རིང་མོ་ཞིག་ནས་འདའ་བ་དང་གསུམ་ཡོད། འདི་གསུམ་ལ་ཞོགས་མའི་མེ་སྟག་བྱུང་མ་ཐག་པའི་དུས་དང། ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་བའི་དུས་དང། གནམ་དུ་ཡར་ནས་ཕྱིར་ལོག་སྟེ་ས་ལ་མ་ལྷུང་བའི་མེ་ཡར་བའི་དཔེ་གསུམ་གསུངས་སོ། །ཚངས་ཆེན་མ་གཏོགས་པའི་གཟུགས་ཁམས་གནས་རིགས་བཅུ་དྲུག་གི་བར་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་བར་འདའ་བ་ཡོད་ལ། དེ་ལྟར་ན་བསམ་གཏན་གྱི་སྤེལ་སྒོམ་ལྔ་ཐོབ་པའི་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་བར་འདའ་བ་ཡོད་དོ། །འོ་ན་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་བར་འདའ་བ་ལྷག་མེད་དུ་མྱ་ངན་ལས་འདའ་བར་བཤད་པའི་དོན་གང་ཡིན་ཞེ་ན། འདི་ལ་མཁས་པ་ཁ་ཅིག །འདིས་མྱང་འདས་མངོན་དུ་བྱེད་པའི་ཚེ་ན། ལྷག་མེད་མྱང་འདས་མངོན་དུ་བྱེད་པ་ཡིན་ཏེ། དེ་འཆི་བ་དང་ལྷག་མེད་ཀྱི་མྱང་འདས་ཐོབ་པ་དུས་མཉམ་པའི་ཕྱིར་ཏེ། དེ་མྱང་འདས་ཐོབ་མ་ཐག་སྐྱེ་སྲིད་ལེན་པའི་དོད་དུ་མ་རིག་བག་ཆགས་ཀྱི་ས་དང་ཟག་པ་མེད་པའི་ལས་ལ་བརྟེན་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པའི་ཕྱིར་ཏེ། དེ་མྱང་འདས་ཐོབ་པ་དང་དུས་མཉམ་དུ་ཚེ་འདོར་བ་ལ་དབང་ཐོབ་ཅིང། བར་དོའི་ལུས་དེ་ཡིད་ལུས་ཡིན་པས་བོར་བ་ཡང་སླ་བའི་ཕྱིར། ཞེས་གསུངས་ནའང་འཐད་པར་མི་སེམས་ཏེ། རྩེ་གཅིག་སེམས་མེད་ལ་དེ་མེད། །ཅེས་གང་ཟག་གི་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཉན་ཐོས་ཀྱི་རྒྱུད་ལ་འཆི་སེམས་མངོན་དུ་མི་འགྱུར་བར་གསུངས་པའི་ཕྱིར། དམན་པའི་ལྷག་མེད་མྱང་འདས་ཐོབ་པ་ལ་དམན་པའི་ལྷག་བཅས་མྱང་འདས་ཐོབ་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། དེས་ན། རང་ལུགས་ནི། དེ་ལྟ་བུའི་བར་འདའ་བ་དེས་གཟུགས་ཀྱི་སྐྱེ་སྲིད་མི་ལེན་པར་མྱང་འདས་མངོན་དུ་བྱེད་པས། ལྷག་མེད་དུ་མྱ་ངན་ལས་འདའ་ཞེས་བཤད་པ་ཙམ་ཡིན་གྱི། དང་པོར་ལྷག་བཅས་མྱང་འདས་མངོན་དུ་བྱེད་པའི་གོ་རིམ་ངེས་པར་སེམས་སོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་བར་འདའ་བ་

|; |@@@ | | }}