99933

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤང་བར་བྱ་བའི་དཔོན་གསས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཡི་དམ་ལྷ་གང་གི་དབང་ཞུ་ཡུལ་དུ་བསྟེན་པར་མི་རུང་བའི་དཔོན་གསས་ཀྱི་མིང་དུ་གྲགས་པ་འགའ་ལ་འཇུག་སྟེ། རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། གཞན་ཡང་དབང་མི་ནོད་པ་ནི། །སྤྲོ་ཐུང་ཚིག་གི་གོ་མི་ཕྱེད། །ཤེས་ཆུང་ཐོས་མེད་རང་ཁ་ཁེངས། །རབ་ཏུ་ཚུལ་ངན་དུག་ལྔ་རགས། །ཁེངས་པའི་རང་བཞིན་དེ་ཡིས་བཅིངས། །གསང་སྔགས་བྱིན་རླབས་དབང་རྣམས་ཀུན། །འཛབ་སྙིང་བསྐྱེད་རྫོགས་ལ་སོགས་ཀུན། །གཉིད་ཆང་ལེ་ལོའི་དབང་དུ་གཏོང་། །དེ་ལ་དབང་རྣམས་མི་ནོད་ཅིང་། །དེ་དག་ངེས་པར་སྤང་བར་བྱ། །ཞེས་པས། དེ་ཡང་ཡི་དམ་ལྷ་ཡི་དབང་དང་གདམས་པ་སོགས་ཞུ་ཡུལ་དུ་བསྟེན་བྱའི་དཔོན་གསས་མ་ཡིན་པ་བསྟན་པ་སྟེ། དེ་ཡང་ཁོང་མི་ཡངས་ཤིང་སྤྲོ་ཐུང་ལ་ཚིག་གི་གོ་དོན་མི་ཕྱེད་དེ་ཐོས་བསམ་གྱི་ཤེས་རབ་ཆུང་ཞིང་གཞུང་ལུགས་ལ་ཐོས་པ་མེད་པ། ཕྱི་ནང་གི་བསམ་སྤྱོད་སོགས་ནི་འགྲོ་བ་རང་ཁ་མ་ལས་མ་འཕགས་ཀྱང་ངའོས་ཁེངས་པ། དེ་ལྟར་ཕྱི་ཚུལ་ངན་ཞིང་ནང་དུ་ཉོན་མོངས་དུག་ལྔ་སོགས་ཤིན་ཏུ་རགས་ཏེ། ཕྱི་ནང་ལུས་སེམས་ཀྱི་རང་བཞིན་ལ་ང་རྒྱལ་ཁེངས་སེམས་ཀྱིས་མངོན་པར་བཅིངས་ཤིང་། སྤྱད་བྱ་གསང་སྔགས་ཐེག་པ་ཆེན་པོའི་ཡི་དམ་ལྷའི་བྱིན་རླབས་དང་དབང་། འཛབ་དང་སྙིང་པོ། བསྐྱེད་རྫོགས་སོགས་རིང་དུ་ཡལ་བར་དོར་ཞིང་བག་མེད་ཀྱི་གཉིད་དང་ཆང་ལེ་ལོའི་དབང་གིས་དུས་ཚོད་གཏོང་བ་ཐ་མལ་བའི་ཚུལ་སྤྱོད་ཅན་ལ་མིང་དུ་དཔོན་གསས་སམ་བླ་མར་གྲགས་པ་མང་དུ་མཆིས་པ་དེ་དག་ནི། དབང་སོགས་ཞུ་ཡུལ་མ་ཡིན་པ་ལྟ་ཅི་སྨོས། ལྷན་དུ་འགྲོགས་པར་ཡང་མི་རུང་བས་ངེས་པར་ཐབས་ཀྱིས་སྤང་བར་བྱ་དགོས་པར་གསུངས་སོ། །
Domain ཆོས་ལུགས།