99934
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་ལས་བྱུང་བ་སྟེ། ༡ ཤར་རི་མཐོ་ན་ཚེ་བསོད་དག་ལ་གཟན༔ ༢ ལྷོ་རིར་རྒྱབ་གཏད་འདྲ་ན་དགྲ་སྣ་མང་༔ ༣ ནུབ་རིར་ཧར་པོར་སོང་ན་བཀྲ་མི་ཤིས༔ ཆེས་ཆེར་ཧར་པོར་སོང་ན་ནད་གདོན་མང་༔ ༤ བྱང་རི་བརྡལ་ན་ལོངས་སྤྱོད་དབུལ་ཞིང་མུག༔ ཡིད་ཙམ་བརྡལ་ཡང་ཕྱི་ཐག་ཐུང་བ་ཡིན༔ ཉི་ཟླའི་འགྲོས་ལམ་དོག་ན་བསོད་ནམས་ཆུང་༔ ༥ ཕྱོགས་བཞིའི་རི་ལུང་ཤར་ནུབ་གོ་ལོག་ན༔ ༧ འབངས་ཀྱིས་གྱེན་ལོག་རྗེ་ལ་བཙན་འབེབ་ཡོང་༔ ནུབ་བྱང་ལམ་གྱི་སྣ་ཟུགས་དགྲ་འདྲེ་སྡང་༔ རྒྱབ་རི་ནུབ་ལ་གཏད་ན་སྙན་གྲགས་ཆུང་༔ ༨ མདུན་རི་ནུབ་ན་བསྟན་ན་ཚེ་ཐག་ཐུང་༔ ༩ རྒྱབ་རིས་མནན་པ་འདྲ་ན་དཔོན་བཀུར་ལྕི༔ ༡༠ རྒྱབ་ཀྱི་གྱེས་པ་འདྲ་ན་མགོན་སྐྱབས་ཆུང་༔ ༡༡ སྟེང་ནས་ལྷུང་ཐབས་འདྲ་བའི་བྲག་དང་རི༔ མ་ཉེས་ཁ་ཡོག་བྱུར་རྡོ་ཡིན་པས་ངན༔ ༡༢ མཆི་རིས་ཤར་བ་འདྲ་ན་མྱ་ངན་ཆེ༔ ༡༣ སྤར་སེན་བྲད་པ་འདྲ་ན་ཟོག་མི་སོག༔ ༡༤ གས་པ་བརྒྱང་བ་འདྲ་ན་གོད་ཡམས་མང་༔ ༡༥ སྒོ་ཐད་རི་བྲག་ཕ་བོང་སྐེད་ཆད་དང་༔ སྒོ་ཁྱིས་ཟན་སྒུག་གཅན་གཟན་ངུ་ཟུག་ཚུལ༔ སྐྱིད་སྡུག་སྒང་གཞོང་ཆེ་ཞིང་གོད་ཁ་སྡང་༔ སྐྱེས་པའི་ཚེ་སྲོག་ལ་གཟན་སྤང་བར་བྱ༔ ༡༦ ཡུགས་སའི་སྡུག་འདུག་བྱས་འདྲའི་རི་བྲག་རྣམས༔ བཟའ་མི་ཁ་དབྱེ་ཤི་ཆད་ཡོད་པས་སྤང་༔ ༡༧ ཕྱི་རུ་གས་པ་འདྲ་ན་ཟས་གཡང་ཉམས༔ ༡༨ གཡང་ལ་ལྷུང་བ་འདྲ་ན་ནོར་གཡང་ཉམས༔ ༡༩ ཆུ་སྲིན་འདྲ་ན་ཀླུ་ཡི་གནོད་པ་སྡང་༔ ༢༠ སྦལ་བ་འདྲ་ན་ས་བདག་གདུག་པོ་ཡོང་༔ ༢༡ མོ་མཚན་འདྲ་ན་སྲིན་མོས་ཐིག་ལེ་འཕྲོག༔ ༢༢ བྲག་དང་གད་པ་སྦྲ་ཙམ་ས་དགྲ་ངན༔ ༢༣ དེའུ་གླང་གི་སྣ་འདྲ་སྒོ་ཟུག་ན༔ ཕ་རོལ་གཞན་གྱིས་ཉེར་འཚེ་ཤིན་ཏུ་མང་༔ ༢༤ བྲག་ཕུག་མ་མོ་དང་ནི་སྲིན་མོ་གནས༔ ༢༥ ནགས་ཁྲོད་དག་ལ་ཀླུ་དང་གནོད་སྦྱིན་གནས༔ ༢༦ དུར་ཁྲོད་དག་ན་སྡེ་བརྒྱད་ཕལ་ཆེར་འཚུབས༔ ༢༧ ཤིང་གཅིག་པ་ལ་དབང་ཕྱུག་ཆེན་པོ་གནས༔ ༢༨ ས་ཕུག་གད་ཧྲོལ་ཐེའུ་རང་དམ་སྲི་གནས༔ ༢༩ གནམ་ས་གྲུ་གསུམ་ཤིན་ཏུ་ནོན་པར་དཀའ༔ ༣༠ ལུང་བའི་མདོ་ཤོར་དར་རྒྱས་ཆུང་བ་ཡོང་༔ ༣༡ གངས་རི་གཏན་ཆགས་མགུར་ལྷ་དགེ་བསྙེན་གནས༔ ༣༢ ས་བྲག་རི་ལུང་དམར་པོ་བཙན་གྱི་ཡུལ༔ ༣༣ དེ་རྣམས་ནགས་དང་འདྲེས་ན་ཀླུ་བཙན་གནས༔ ༣༤ བྲག་དཀར་སྤང་དང་འདྲེས་པར་དཀར་ཕྱོགས་གནས༔ དེ་ལ་ནགས་ཚལ་རྒྱས་ན་མ་སངས་གནས༔ ༣༥ བྲག་དཀར་རིགས་ལ་སྤ་མ་ཕུག་པ་མང་༔ ཀླུ་སྨན་གནས་པས་ཐབས་གཞོབ་སྤང་བར་བྱ༔ ༣༦ བྲག་དཀར་བྲག་དམར་བྲག་ནག་གསུམ་འདྲེས་ན༔ ལྷ་བཙན་བདུད་གསུམ་ཆེ་ཆུང་གང་རིགས་གནས༔ ༣༧ མདོག་ནག་བྲག་འཁྲེབ་སྤང་དང་ཤིང་སྤུན་ཅན༔ གཞི་བདག་རྨུ་དང་བྲག་གི་སྨན་མོ་གནས༔ ༣༨ བྲག་ནག་རི་ནག་དག་ལ་བདུད་གནས་ཤིང་༔ ཤིང་དང་ནགས་ཚལ་ཅན་ལ་ཀླུ་བདུད་གནས༔ ༣༩ གཡའ་རི་སྨུག་པོར་གཡའ་ཡི་བཙན་གནས་ཤིང་༔ ༤༠ གཡའ་རི་ཤིན་ཏུ་འཇམ་ན་གཡའ་སྨན་གནས༔ ༤༡ རི་ལུང་རྩུབ་ཅིང་ལུང་གསུམ་འདུས་པའི་མདོར༔ སྡེ་བརྒྱད་ཕལ་ཆེར་འཚུབ་པས་ཤིན་ཏུ་གཉན༔ ༤༢ བྲག་ནག་རི་ནག་བདུད་ཀྱི་ཕོ་བྲང་ཡིན༔ ༤༣ དམར་ནག་རི་བྲག་ཁྲལ་ཁྲོལ་ཀླུ་སྲིན་གནས༔ ཆུ་བོ་རྣམས་ལ་ཀླུ་བཙན་རྨུ་བཙན་གནས༔ རྒྱལ་རིགས་རྗེ་རིགས་བྲམ་ཟེ་གདོལ་པ་སོགས༔ ཀླུ་རིགས་རྣམས་བཞི་ཕྱོགས་བཞིའི་འབབ་ཆུར་གནས༔ ༤༤ དགོན་གནས་ཕོ་བྲང་དག་ལ་རྒྱལ་པོ་དང་༔ གྲོང་རྡལ་ཚོང་འདུས་རྣམས་སུ་སྲིན་མོ་གནས༔ ཞེས་གསུངས། |
| Domain | ཆོས་ལུགས། |