99965

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤང་མདའ་ཚང་ (1)
Part of speech མིང་ཚིག
Definition སྤང་མདའ་ཚང་ནི་སྨར་ཁམས་སྒང་གི་ཤར་ཕྱོགས་སྤང་མདའ་ཞེས་པའི་ཡུལ་མིང་དུད་ཚང་ལ་ཐོགས་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡིན། དུས་རབས་བཅོ་བརྒྱད་ཡས་མས་སུ་སྤང་མདའ་ཚང་ཁྱིམ་ཚང་དཀྱུས་མ་ཞིག་ཡིན་ཡང་། སྤང་མདའ་ཉི་རྒྱམ་དང་སྤང་མདའ་ཀརྨ་གཉིས་ནས་སྤང་མདའ་ཚང་གི་མཚན་སྙན་གྱི་འགོ་ཚུགས། བརྒྱ་ཕྲག་ཉི་ཤུ་ནང་ཁྱིམ་ཚང་འདིར་ཕ་མ་གཅིག་པའི་བུ་སྤང་མདའ་ཡར་འཕེལ་དང་། སྤང་མདའ་སྟོབས་རྒྱས། སྤང་མདའ་རབ་དགའ་གསུམ་ནི་ཆབ་སྲིད་དང་དམག་དོན་ཚོང་ལས་སོགས་ཀྱི་ཐད་ནས་ཕུལ་བྱུང་གི་མི་སྣ་ཡིན་པ་དང་། རྒྱ་དཀར་ནག་གཉིས་དང་། བྱང་ཨ་རི་སོགས་ལ་ཚོང་དོན་གྱི་འབྲེལ་བ་བཙུགས་པ་ལས་སྤོམ་མདའ་ཚང་གི་མཚན་སྙན་ཡོངས་གྲགས་སུ་གྱུར། ཕྱི་ལོོ་ ༡༩༢༢ ལོར་ས་སྐྱ་བདག་ཆེན་དྲག་ཤུལ་འཕྲིན་ལས་རིན་ཆེན་གྱིས་སྤོམ་མདའ་ཁུལ་གྱི་ས་སྐྱ་ནས་ཆེད་བསྐོས་དཔོན་ཕྱིར་བསྡུ་མཛད་དེ་སྤང་མདའ་ཚང་སྨར་ཁམས་རྒྱ་བཀག་ནང་སོ་མཛོད་པར་བསྐོ་བཞག་བསྩལ་ཏེ་སྤང་མདའ་དཔོན་ཞེས་གྲགས། དེ་མཚུངས་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་ཀྱང་སྤྱན་གསལ་དང་ཛ་སག། སྨར་ཁམས་ཁུལ་གྱི་ཡུལ་དམག་གི་མགོ་དཔོན་དུ་བསྐོ་བཞག་གནང་བ་སོགས་མཛད། ཕྱི་ལོ་༡༩༤༧ཡས་མས་རིམ་བཞིའི་གོ་གནས་ཐོབ་སྟེ་གྲུ་མོ་སྤྱི་ཁྱབ་ཀྱི་ཐུགས་འགན་བཞེས། ལོོ་རབས་བཞི་བཅུའི་ནང་ས་སྐྱའི་གདན་ས་ལྷ་ཁང་ཆེན་མོའི་ཉམས་གསོ་སྐབས་དབུས་གཞུང་གིས་སྐུ་ཚབ་བྱས་ནས་ཉམས་གསོ་ལེགས་གྲུབ་མཛད། ཕྱི་ལོ་ ༡༩༤༧ ལོར། རིམ་བཞི་སྤང་མདའ་ཡར་འཕེལ་བོད་སྡེ་པ་གཞུང་གི་ཚོང་དོན་ཆེད་རྒྱ་གར་དང་ཨ་རི་ཧྥ་རན་སི་སོགས་སུ་གཟིགས་སྐོར་ཕེབས། ཕྱི་ལོ་ ༡༩༥༤ ལོ་རྒྱ་ནག་ཏུ་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཐོག་སྤང་མདའ་སྟོབས་རྒྱལ་མཉམ་བཞུགས་མཛད། ཕྱི་ལོ་ ༡༩༥༣ ལོར་པེ་ཅིང་དུ་རྒྱལ་ཡོངས་མཉམ་འབྲེལ་ཚོགས་ཆེན་ཏུ་བོད་ཀྱི་ཚོང་དོན་སྤྱི་ཁྱབ་སྤང་མདའ་ཡར་འཕེལ་ཆེད་དུ་ཕེབས། ཕྱི་ལོ་ ༡༩༣༥ ནང་སྤང་མདའ་རབ་དགས་རྩ་འཛུགས་བྱས་ཏེ་ཁམས་པ་རང་སྡེ་རང་བདག་བྱ་རྒྱུའི་ལས་སྤེལ། དུས་འགྱུར་སྐབས་སྤང་མདའ་ཡར་འཕེལ་དང་རབ་དགའ་གཉིས་རྒྱ་གར་ལ་ཕེབས་ཡོད་ཀྱང་། གནས་ཚུལ་སྣ་ཚོགས་ཀྱི་རྐྱེན་པས་སྤང་མདའ་ཡར་འཕེལ་ཕྱིར་བོད་དུ་ཕེབས་ནས་ཕྱི་ལོ་ ༡༩༧༦ ལོ་དགོངས་པ་རྫོགས། སྤང་མདའ་སྟོབས་རྒྱས་དུས་འགྱུར་སྐབས་ལྷ་སར་འཐབ་རྩོད་མྱང་ནས་ཕྱི་ལོ་ ༡༩༧༤ ལོ་སྐུ་ཚེ་མ་ཟིན།