10069
Tibetan | མཆོག་གི་སྤྲུལ་སྐུའི་མཛད་པ་བཅུ་གཉིས། |
---|---|
Tibetan Alternate | |
Tibetan Definition | 1. དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ་ནི། དགའ་ལྡན་གནས་སུ་དམ་པ་ཏོག་དཀར་པོས། ། ཆོས་སྒོ་བརྒྱ་བསྟན་གཟིགས་པ་རྣམ་ལྔས་འཕོས། ། བདག་ཅག་གི་སྟོན་པ་འདི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་བྲམ་ཟེའི་ཁྱེའུ་བླ་མར་གྱུར་ནས་ཚངས་པར་སྤྱོད་པ་སྤྱད་དེ་དགའ་ལྡན་གྱི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔར་སྐུ་འཁྲུངས་པ་ཡན་ཆད་སྐྱེ་བ་མངོན་པར་སྐྱེ་བའི་སྤྲུལ་པའི་སྐུས་བྱུང་ཆུབ་ཀྱི་སྤྱོད་པ་རྫོགས་ནས། མཆོད་པའི་རོལ་མོ་ལས་གཞན་དོན་དུ་བསྐུལ་བའི་སྒྲ་གསན་པ་ན་ཆོས་ཀྱིས་མཐོ་བ་ཞེས་བྱ་བའི་ཁང་བཟང་དུ་བྱང་ཆུབ་སེམས་དཔའ་རང་དང་ སྐལ་བ་མཉམ་པ་རྣམས་དང་བཀའི་བགྲོ་བ་མཛད་ཅིང་ཆོས་སྟོན་པའི་གནས་སུ། དད་པ་ནི་ཆོས་སྣང་བའི་སྒོ་སྟེ་བསམ་པ་མི་ཕྱེད་པར་འགྱུར་རོ་ཞེས་པ་ལ་སོགས་པ་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་བསྟན་ནས་ལ་ཐོད་དང་ཅོད་པན་བྱམས་པའི་དབུ་ལ་བཞག་ནས་ཁྱོད་ནི་ངའི་འོག་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཅིང་དགའ་ལྡན་དུ་ཆོས་སྟོན་པ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་ནས་གཟིགས་པ་རྣམ་པ་བཞིའམ་ལྔ་ཡིས་འཇིག་རྟེན་ལ་གཟིགས་ནས་དཔྱིད་ཟླ་ཐ་ཆུང་སྐར་མ་ས་གས་ཉ་བའི་ཚེས་བཅོ་ལྔ་རྒྱུ་སྐར་རྒྱལ་དང་ལྡན་པའི་དུས་སྦྱོར་ལ་དགའ་ལྡན་གྱི་གནས་ནས་འཕོ་བར་མཛད་དོ། །
2. ལྷུམས་སུ་ཞུགས་པའི་མཛད་པ་ནི། འཛམ་གླིང་ཚེ་ལོ་བརྒྱ་པར་ཡུལ་དབུས་སུ། ། རྒྱལ་རིགས་ཡབ་དང་སྒྱུ་འཕྲུལ་ལྷུམས་སུ་ཞུགས། ། དེའང་མིའི་གླིང་གཞན་གསུམ་ལས་ཁྱད་པར་དུ་འཕགས་པ་ཛམྦུའི་གླིང་། ཚེ་ལོ་བརྒྱད་ཁྲི་པ་ཡན་ཆད་ལོངས་སྤྱོད་ཀྱི་འབྱོར་པ་ཆེ་བས་ཡིད་འབྱུང་བར་དཀའ་ཞིང་། ལོ་བརྒྱ་པ་མན་ཆད་ཀྱང་སྙིགས་མ་ལྔ་ཧ་ཅང་བདོ་བས་མི་ཁོམ་པར་སྣང་བས་དེ་དག་གི་སྐྱོན་མེད་པས་སྐྱེ་དགུ་གདུལ་སླ་བར་གྱུར་པའི་དུས་ཚེ་ལོ་བརྒྱ་པ། རྩོད་དུས་ལ་ལྟོས་ཏེ་ཡུལ་གྱི་སྐྱོན་གྱི་ཆ་ནས་སྨད་དུ་མེད་པ་དབུས་འགྱུར་འཆང་གི་ཡུལ། འཇིག་རྟེན་འདིར་རེས་འགའ་རྒྱལ་རིགས་དང་རེས་འགའ་བྲམ་ཟེའི་རིགས་གཙོ་བོར་བཀུར་བ་ལས་ད་ལྟ་རྒྱལ་རིགས་བཀུར་བས་མང་བཀུར་གྱི་རྒྱལ་བརྒྱུད་རིགས་ཕུན་སུམ་ཚོགས་པའི་ཡོན་ཏན་དྲུག་ཅུ་རྩ་བཞིས་པ་བརྒྱན་པ་ཡབ་རྒྱལ་པོ་ཟས་གཙང་མ་དང་། ཡུམ་ཡང་བུད་མེད་ཀྱི་ཡོན་ཏན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ལ་གཟིགས་ནས། གླང་པོ་ཆེའི་ཕྲུ་གུ་ཐལ་ཀར་མཆེ་བ་དྲུག་པའི་ཚུལ་གྱིས་ཡུམ་གསོ་སྦྱོང་བླངས་པའི་གློ་གཡས་པར་ཞུགས་ནས་ལྷུམས་སུ་ཙནྡན་གྱི་ཁང་བུ་བརྩེགས་པར་བྱིས་པ་ཟླ་དྲུག་ལོན་པའི་ཚད་ཙམ་པ་ན་བཟའ་དང་བཅས་པ་སྐྱིལ་མོ་ཀྲུང་གིས་བཞུགས་ཏེ་སྟོང་གསུམ་གྱི་ཟིལ་དང་རོ་བཅུད་ཚངས་པ་ཆེན་པོས་ཕུལ་བ་བཞེས་ནས་སྐུ་ལུས་བརྟས་པར་མཛད་དོ། ། དེ་ལ་གཟིགས་པ་བཞི་ནི། གླིང་དང་དུས་དང་ཡུམ་དང་རིགས་ཏེ་གོང་དུ་སྨོས་པ་ལྟར་ལ། གཟིགས་པ་ལྔ་ནི། རྒྱལ་རིགས་དང་། ཡུལ་དབུས་དང་། ཚེ་ལོ་བརྒྱ་པའི་དུས། ཤཱཀྱའི་རིགས་བརྒྱུད། བྱང་ཆུབ་སེམས་དཔའ་ཟླ་བ་བཅུར་ལྷུམས་སུ་འཛིན་པར་ནུས་པའི་ཡུམ་སྟེ་ལྔ་ལ་གཟིགས་པ་ལུང་དང་མངོན་འབྱུང་ནས་གསུངས་ཤིང་། སྙིགས་མ་ལྔ་ནི། ཚེ་དང་། དུས་དང་། ལྟ་བ་དང་། སེམས་ཅན་དང་། ཉོན་མོངས་པའོ། ། དེ་ཡང་ཚེའི་སྙིགས་མ་དང་དུས་ཀྱི་སྙིགས་མས་སྲོག་དང་ཡོ་བྱད་རྒུད་པར་བྱེད། ཉོན་མོངས་པ་དང་ལྟ་བའི་སྙིགས་མས་དགེ་བའི་ཕྱོགས་རྒུད་པར་བྱེད། སེམས་ཅན་གྱི་སྙིགས་མས་གཟུགས་རྒུད་པར་བྱེད་ཅིང་། གཞན་ཡང་ནད་མེད་པ་དང་། སྟོབས་དང་། བློ་དང་། བརྩོན་འགྲུས་དང་། བསམ་གཏན་ཉམས་པར་བྱེད་པའོ། ། 3. སྐུ་བལྟམས་པའི་མཛད་པ་ནི། ངོ་མཚར་མཚན་མ་བྱེ་བ་སྙེད་དང་བཅས། ། ལུམྦི་ནི་ཡི་ཚལ་དུ་དོན་གྲུབ་བལྟམས། ། ལྷུམས་སུ་ཟླ་བ་བཅུ་ཚང་བར་བཞུགས་པའི་ཚེ་ལྷ་མི་ཁྲག་ཁྲིག་སུམ་ཅུ་རྩ་དྲུག་ཐེག་པ་གསུམ་ལ་སྨིན་པར་མཛད་དེ་བལྟམས་པའི་སྔ་ལྟས་སུམ་ཅུ་རྩ་གཉིས་དང་། གླིང་ཆེན་པོ་བྱེ་བ་ཕྲག་བཞིའི་དབུས་སུ་ཨ་ཤུཐའི་ལྗོན་པ་སྐྱེ་བ་དང་། གླིང་ཕྲན་རྣམས་སུ་ཙནྡན་གྱི་ཚལ་སྐྱེ་བ་དང་། སེར་སྐྱའི་གྲོང་གི་ཁོར་ཡུག་ཏུ་བདེ་བའི་འབྱོར་པ་ཚད་མེད་པ་རང་བཞིན་གྱིས་འབྱུང་བ་སོགས་ངོ་མཚར་བའི་མཚན་མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སྙེད་ཀྱིས་ཞིང་ཐམས་ཅད་ཡོངས་སུ་གཏམས་པ་དང་བཅས། ལུམྦི་ནཱིའི་སྐྱེད་མོས་ཚལ་དུ་དབོ་ཟླའི་ཚེས་བརྒྱུད་རྒྱུ་སྐར་རྒྱལ་དང་ལྡན་པའི་དུས་སུ་ཡུམ་ལ་གནོད་པ་མེད་པར་དཀུ་གཡས་བརྟོལ་ཏེ་མཚན་དཔེའི་་དཀྱིལ་འཁོར་གསལ་མ་ཐག་ཚངས་པ་དང་ བརྒྱ་བྱིན་ལ་སོགས་པ་ལྷ་ཀླུ་རྣམས་ཀྱིས་མཆོད་ཅིང་བསྙེན་བཀུར། ཕྱོགས་བཞིར་ཞབས་ཀྱིས་གོམས་པ་བདུན་བདུན་བོར་ཏེ་སྟོང་ཆེན་པོའི་སེམས་ཅན་ཐམས་ཅད་དབུགས་དབྱུང་བའི་གསུང་དབྱངས་ཕྱུང་། ཡབ་རྒྱལ་པོས་་བལྟམས་པའི་ངོ་མཚར་ལས་བརྩམས་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་མཚན་ཕུལ།་སེར་སྐྱའི་གཞིར་མ་མ་སུམ་ཅུ་རྩ་གཉིས་ཀྱིས་བསྐྱེད་བསྲིངས། ཤཱཀྱ་གཏུམ་པོ་གཟུ་ལུམ་ཅན་རྣམས་ཀྱི་ནང་དུ་ཐུབ་པ་བཞིན་གནས་པས་མཚན་གཉིས་པ་ཤཱཀྱ་ཐུབ་པ་ཞེས་བཏགས། ཤཱཀྱ་རྣམས་ཀྱི་ལྷ་གནོད་སྦྱིན་ཤཱཀྱ་འཕེལ་སོགས་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་ཞབས་ལ་ཕྱག་བྱས་པས་ཡབ་ཀྱིས་མཚན་གསུམ་པ་ལྷའི་ཡང་ལྷ་ཞེས་པ་བཏགས། དྲང་སྲོང་ནག་པོ་ཉོན་མོངས་མེད་ཀྱིས་སངས་རྒྱས་སུ་འགྱུར་བ་ལུང་བསྟན་ཏོ། ། 4. བཟོ་ཡི་གནས་ལ་མཁས་པའི་མཛད་པ་ནི། ཡིག་རྩིས་རི་མོ་འཕོང་སྟོབས་བརྟག་དཔྱད་གཏམ། ། ལུགས་མང་སྒྱུ་རྩལ་བཟོ་ཡི་གནས་ལ་མཁས། ། བྱང་ཆུབ་སེམས་དཔའ་ཤེས་བྱའི་གནས་ཐམས་ཅད་ཀྱིས་མཐར་སོན་ཀྱང་གདུལ་བྱ་གྲངས་མེད་པ་སྨིན་པའི་སླད་དུ་ཡི་གེ་སློབ་པའི་གྲྭར་བྱོན་ཏེ་ཡིག་མཁན་ཀུན་གྱི་བཤེས་གཉེན་ལས་སློབ་པ་ལྟར་མཛད་ཅིང་དེས་མིང་ཙམ་ཡང་མ་ཐོས་པ་མང་པོ་བསྟན་པ་དང་། དགུང་ལོ་བཅུ་དྲུག་རྫོགས་པ་ན་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ལྷ་མོ་དཔལ་ཆེན་མོའི་སྤྲུལ་པ་ས་འཚོ་མ་རྒྱལ་བའི་རུ་མཚོན་ཏུ་བཞིག་ནས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་དང་རྩལ་འགྲན་པའི་ཐོག་མར་རྩིས་པ་ཆེན་པོ་ཤཱཀྱ་སྲིད་སྒྲུབ་དཔང་དུ་བཙུགས་ཏེ་གྲངས་ཀྱི་གནས་འགྲན་པ་ལ་དབང་པོ་དང་བཅས་པ་ཀུན་གྱིས་བྱང་ཆུབ་སེམས་དཔའི་ཆ་ཙམ་ལའང་འགྲན་པར་མ་ནུས་ཤིང་། དེ་བཞིན་དུ་རི་མོའི་འདུ་བྱེད་དང་། འཕོང་དང་སྟོབས་དང་བརྟག་དཔྱད་དང་གཏམ་དང་རྒྱལ་དང་བང་དང་འདེགས་མཆོངས་ལ་སོགས་པ་ལུགས་སྲོལ་ཤིན་ཏུ་མང་པོའི་སྒྱུ་རྩལ་དང་བཟོའི་གནས་ཡོད་དོ་ཅོག་ལ་ཤིན་ཏུ་མིཁས་པས་སུས་ཀྱང་འགྲན་ཟླ་མེད་པར་གྱུར་ཏེ། ལྷས་བྱིན་ལ་སོགས་པ་རིགས་པ་དང་སྟོབས་ཀྱི་ང་རྒྱལ་ཅན་རྣམས་ཀྱང་དུལ་བར་མཛད་དོ། ། 5. བཙུན་མོའི་འཁོར་ལ་རོལ་པའི་མཛད་པ་ནི། ཡོན་ཏན་ཀུན་ཚང་ས་འཚོ་གྲགས་འཛིན་སོགས། ། བཙུན་མོ་དྲུག་ཁྲིའི་འཁོར་རོལ་སྨིན་པར་མཛད། ། གཟུགས་བཟང་དེར་བབ་དྲེགས་པ་དང་བྲལ་ཞིང་གཏོང་ལ་དགའ་བ་སོགས་བུད་མེད་རིན་པོ་ཆེའི་ཡོན་ཏན་ཀུན་ཚང་བ་ས་འཚོ་གྲགས་འཛིན། རི་དྭགས་སྐྱེས་ཏེ་སོ་སོ་འཁོར་ཉི་ཁྲི་དང་བཅས་པ་བཙུན་མོ་དྲུག་ཁྲིའམ་བརྒྱད་ཁྲི་བཞི་སྟོང་གི་ཚོགས་ཀྱིས་འཆི་མེད་འདུན་ས་ལྟ་བུའི་གླུ་དབྱངས་རོལ་མོའི་སྒྲ་ལ་སོགས་པ་བཀོད་པ་ཕུལ་དུ་བྱུང་བས་མཆོད་ཅིང་། དེ་དག་གི་ནང་དུ་རྩེ་ཞིང་རོལ་པ་ལ་སོགས་ཐབས་ལ་མཁས་པའི་མཛད་པས་བཙུན་མོའི་འཁོར་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་དོ། ། 6. རབ་ཏུ་བྱུང་བའི་མཛད་པ་ནི། རྒ་ན་འཆི་དང་ཚངས་སྤྱོད་གཟིགས་སོགས་ཀྱིས། ། ངེས་འབྱུང་རབ་ཏུ་བྱུང་ནས་ངུར་སྨྲིག་བཞེས། དགུང་ལོ་ཉེར་དགུ་པ་ལ་གྲོང་ཁྱེར་གྱི་སྒོ་བཞིར་རྒས་པ་དང་། ན་བ་དང་། འཆི་བ་དང་། ཚངས་སྤྱོད་རབ་ཏུ་བྱུང་བ་རྣམས་གཟིགས་ཤིང་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་གླུ་དབྱངས་སིལ་སྙན་གྱི་སྒྲས་བསྐུལ་ཞིང་བྱིན་གྱིས་བརླབས་པ་དང་།། རང་ཉིད་ཀྱི་སྨོན་ལམ་གྱི་མཐུས་རྒྱལ་སྲིད་བཙུན་མོའི་འཁོར་རྣམས་ལ་སྐྱོ་བའི་ཚུལ་བསྟན་ཏེ་ངེས་པར་འབྱུང་བའི་ཐུགས་སྐྱེས་པ་ན། ད་ནི་ཞག་བདུན་ལ་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་མཚན་མཁན་རྣམས་ཀྱིས་ལུང་བསྟན་པ་ཐོས་ནས། ཤཱཀྱ་རྣམས་ཀྱིས་སྟོབས་ཅི་ཡོད་པས་མེལ་ཚེ་བྱས་ཏེ་བསྲུངས་པ་ན། ཐ་སྐར་ཟླ་བའི་ཉའི་མཚན་མོར་གྲགས་འཛིན་མའི་མངལ་དུ་རྡོ་རྗེ་སེམས་དཔའི་སྤྲུལ་པ་སྲས་སྒྲ་གཅན་འཛིན་བཟང་པོ་བྱིན་གྱིས་བརླབས་ཏེ། ནམ་ཕྱེད་ན་ཆིབས་པ་སྔགས་ལྡན་ལ་ཆིབས། ཞམ་འབྲིང་བ་འདུན་པ་དང་བརྒྱ་བྱིན་ལ་སོགས་ལྷ་བྱེ་བ་ཕྲག་སྟོང་མང་པོས་མཆོད་ཅིང་ནམ་མཁའི་ལམ་ནས་དཔག་ཚད་བཅུ་གཉིས་ཀྱི་ཤར་ཕྱོགས་འདས་པ་ཡངས་པ་ཅན་ཏུ་གཤེགས་ནས་གཙུག་ཕུད་རང་ཉིད་ཀྱིས་བཅད་དེ་རབ་ཏུ་བྱུང་། ལྷ་ཡིས་ཕུལ་བའི་ན་བཟའ་ངུར་སྨྲིག་བཞེས། འདུན་པ་ཆིབས་བཅས་སླར་ལོག་ནས་ཡབ་དང་བཙུན་མོ་རྣམས་ཀྱི་མྱ་ངན་བསང་། གཙུག་ཕུད་དང་ཀཱ་ཤི་ཀཱའི་ན་བཟའ་ལྷ་རྣམས་ཀྱིས་ཁྱེར་ཏེ་མཆོད་པ་ཆེན་པོས་མཆོད་དོ། ། 7. དཀའ་བ་སྤྱད་པའི་མཛད་པ་ནི། སྲིད་རྩེའི་སྙོམས་འཇུག་མངོན་མཛད་ཆུ་ཀླུང་ངོགས། ། ལོ་དྲུག་སྐྱིལ་ཀྲུང་གཅིག་གིས་དཀའ་བ་སྤྱད༑ ། བྱང་ཆུབ་སེམས་དཔའ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་རྗེས་སུ་ཡངས་པ་ཅན་དུ་གཤེགས་ཏེ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང་། རྒྱལ་པོའི་ཁབ་ཏུ་རངས་བྱེད་ཀྱི་བུ་ལྷས་སྤྱོད་གཉིས་ལས་བསམ་གཏན་གྱི་གདམས་ངག་ནོད་ཅིང་དེ་དག་གི་རྟོགས་པའི་མཐར་ཐུག་ཅིའང་མེད་པ་དང་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དེ་སྲིད་རྩེའི་སྙོམས་འཇུག་མཐར་ཐུག་པ་ཚེགས་ཆུང་དུས་མངོན་པར་མཛད་ཀྱང་ཟག་བཅས་ཉེར་ལེན་དང་ བཅས་པའི་བསམ་ག། གཏན་སྙོམས་འཇུག་ཏིང་ངེ་འཛིན་རྣམས་སུན་དབྱུང་ཞིང་དེས་མི་གྲོལ་བར་བསྟན་པ་དང་། ལུས་ཀྱི་རྒྱུའི་ལུང་བསྟན་ཅིང་ལོག་པའི་བརྟུལ་ཞུགས་ཅན་རྣམས་ཀྱང་འདུན་ཅིང་དེས་མི་གྲོལ་བར་བསྟན་པ་ལ་སོགས་པ་དགོས་པ་མང་པོ་་ཉེ་བར་གཟིགས་ནས།། ཆུ་ཀླུང་ནེ་རཉྫ་ནའི་ངོགས་སུ་ལོ་དྲུག་ཏུ་སྐྱིལ་མོ་ཀྲུང་གཅིག་གིས་འདས། རྒྱུ་ཤུག་གི་འབྲུ། ནས་འབྲུ་གཅིག ་ཏིལ་འབྲུ་གཅིག་རྣམས་ཉིན་རེར་གསོལ་བ་དང་ཆུ་ཐིགས་གཅིག་ཀྱང་མི་གསོལ་བ་ལ་སོགས་པའི་དཀའ་བ་སྤྱད་ཅིང་། ལུས་ངག་གི་དཀའ་ཐུབ་ལ་སྙིང་པོ་མེད་པས་སྤྱོད་པ་དེས་ཀྱང་བྱང་ཆུབ་རྫོགས་པར་མི་ནུས་པར་བསྟན་པའི་ཕྱིར། སླར་ཁ་ཟས་རགས་པ་གསོལ་བས་སྐུ་སྟོབས་དང་ལྡན་ཅིང་མཛེས་པར་གྱུར་པས་དགེ་སྦྱོང་མཛེས་པར་མཚན་ཏུ་གྲགས་སོ། ། 8. བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་ནི། འོ་ཐུག་གསོལ་ནས་མཚན་དཔེ་འོད་དུ་འབར། ་རྩྭ་ཡི་སྟན་བསྣམས་བྱང་ཆུབ་སྙིང་པོར་གཤེགས། ། དེ་ནས་ཕྱག་དར་ཁྲོད་ཀྱི་གོས་ལས་ཆོས་གོས་སྦྱར་མར་མཛད་པ་བཞེས་ཤིང་གྲོང་མི་དགའ་བྱེད་མའི་བུ་མོ་ལེགས་སྐྱེས་མ་ལ་ལྷས་ལུང་བསྟན་པ་བཞིན་བ་སྟོང་གི་འོ་མ་ལན་བདུན་དུ་ཉིང་ཁུར་བྱས་པའི་འོ་ཐུག་སྦྲང་རྩི་ཅན་གསོལ་མ་ཐག་ཏུ་གསེར་གྱི་མདོག་དང་། འོད་འདོམ་གང་ལ་སོགས་མཚན་དཔེ་རྣམས་རབ་ཏུ་གསལ་ཞིང་འོད་དུ་འབར་བར་གྱུར་ཅིང་། རྩྭ་འཚོང་བཀྲ་ཤིས་ལས་རྩྭ་བསླངས་ཏེ་སྟན་གྱི་ཕྱིར་བསྣམས་ནས། མི་བསྐྱོད་སྟབས་དང་དབང་པོའི་མཆོད་སྡོང་འདྲ། །ཞེས་པ་ལ་སོགས་པའི་ལྔ་བཅུ་རྩ་གཅིག་གིས་བྱང་ཆུབ་སྙིང་པོར་གཤེགས་པ་ན། ས་གཞི་ཐམས་ཅད་འཁར་བའི་སྣོད་བཞིན་དུ་སྒྲ་འབྱིན། སྟོང་གསུམ་གྱི་བདག་པོ་ཚངས་པ་དབང་སྒྱུར་གྱིས་འཇིག་རྟེན་འདི་བཀོད་པ་ཆེན་པོས་ཀུན་ནས་བརྒྱན་པ་ལ་སོགས་པ་ལྷ་རྣམས་དང་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མང་པོར་རང་རང་གི་ཚོགས་གཉིས་ཀྱི་སྟོབས་ཚད་མེད་པའི་བཀོད་པས་བརྒྱན། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྐྱོད་པའི་འོད་ཟེར་དཔག་ཏུ་མེད་པས་དམྱལ་བ་ལ་སོགས་པའི་འགྲོ་བ་རྣམས་དབུགས་དབྱུང་ཞིང་ཀླུ་ནག་པོ་བྱ་བ་ཚེ་བསྐལ་པར་གནས་ཤིང་དམུས་ལོང་དུ་གྱུར་པ། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ཚེ་མིག་ཐོབ་པ་དེའང་མིག་བྱེ་ཞིང་སྣང་བ་མཐོང་། ཙཱ་ཤའི་ཁྱུ་རྣམས་སྙན་པར་སྒྲོགས་ཤིང་མཁའ་ལ་གཡས་སུ་བསྐོར། ཐུབ་མཆོག་ཉིད་ཀྱིས་ཀྱང་དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཡོད་དོ་ཅོག་གི་བྱང་ཆུབ་སྙིང་པོའི་རྒྱུན་བཀོད་པ་ཇི་སྙེད་པ་རྣམས་དེ་ཉིད་དུ་སྣང་བར་མཛད། རྩྭའི་རྩེ་མོ་རྣམས་ནང་དུ་བསྟན་ནས་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ནས་ཞལ་ཤར་དུ་གཟིགས། སྐུ་དྲང་པོར་བསྲང་། དྲན་པ་མངོན་དུ་བཞག་ནས་བཞུགས་སོ། ། 9. བདུད་བཏུལ་བའི་མཛད་པ་ནི། ཤིན་ཏུ་མི་བཟད་གཡོན་ཅན་བདུད་ཀྱི་སྡེ། ། ཉོན་མོངས་དང་བཅས་བྱམས་པའི་མཐུ་ཡིས་བཅོམ། ། དེ་ནས་བདུད་ལས་རྒྱལ་བ་དང་བདུད་རིས་ཀྱི་ལྷའི་བུ་དགེ་རྩ་ཅན་རྣམ་སྨིན་པར་མཛད་པའི་སླད་དུ་སྨིན་མཚམས་ནས་འོད་ཟེར་སྤྲོས་ཏེ་བདུད་ཀྱི་གནས་གཡོས་ཤིང་བསྐུལ་བས། སྡིག་ཅན་རང་ཉིད་ཀྱིས་རྨི་ལྟས་མི་བཟད་པ་མཐོང་བ་སོགས་འཇིགས་སྐྲག་སྔངས་ཤིང་ཤིན་ཏུ་མི་བཟད་པའི་སེམས་སྐྱེས་ཏེ། དཔག་ཚད་བརྒྱད་ཅུའི་ཁོར་ཡུག་གང་བའི་དཔུང་གི་ཚོགས་དྲན་པ་ཙམ་གྱིས་སྙིང་འགས་པར་ནུས་པའི་བཀོད་པ་འཇིགས་སུ་རུང་བ་དང་། སྟོང་གསུམ་ཀུན་ནས་གཡོན་ཅན་དེ་འདྲ་བྱེ་བ་ཕྲག་བརྒྱ་རྣམས་ཀྱང་ལྷན་ཅིག་ཏུ་ལྷགས་ཏེ་མཚོན་ཆའི་ཆར་ཕབ་ཅིང་གདུག་པའི་དབུགས་སྤྲོས་པས། དེ་དག་ཐམས་ཅད་བྱང་ཆུབ་སྙིང་པོ་མཛེས་པའི་མཆོད་སྤྲིན་གྱི་བཀོད་པ་ཤ་སྟག་ཏུ་གྱུར་ནས་མཐུ་རྡུགས་ཏེ། བསོད་ནམས་དེ་ཙམ་གྱིས་ཐར་པ་མི་ཐོབ་པས་བཞེངས་སུ་གསོལ་བ་ན། བསྐལ་པ་དཔག་ཏུ་མེད་པར་ཚོགས་གཉིས་བསྒྲུབས་ཤིང་མཐར་སོན་པའི་དཔང་པོ་སའི་ལྷ་མོ་འཁོར་དང་བཅས་པས་ཞུས། ་སླར་སྲེད་མ་དང་དགའ་མ་སོགས་བདུད་ཀྱི་བུ་མོ་རྣམས་ཀྱིས་ཀྱང་འདོད་པའི་གཡོ་སྒྱུས་བསླུ་བར་བརྩམས་ཀྱང་ ཐུགས་གཡོ་བར་མ་ནུས་ཏེ་གཡོན་ཅན་བདུད་ཀྱི་སྡེ་འཁོར་དང་བཅས་པ་རྣམས་ཚར་བཅད་ཅིང་། དེ་དག་ལས་དགེ་རྩ་སྨིན་པའི་ལྷའི་བུ་ཚད་མེད་པ་དག་གི་ཉོན་མོངས་པ་རྣམ་པར་བཅོམ་སྟེ་བྱང་ཆུབ་ཏུ་སྨིན་པར་མཛད་པ་སོགས་མདོར་ན་བྱམས་པའི་ཏིང་ངེ་འཛིན་ཁོ་ནས་བདུད་ཀྱི་དམག་མི་འཁྲུགས་ཕྲག་གཅིག་བྱུང་ཆུབ་ཀྱི་སྙིང་པོར་བཞུགས་པའི་ནམ་སྲོད་འཁོར་དེ་ཉིད་དུ་བཏུལ་བར་མཛད་དོ། ། 10. མངོན་པར་སངས་རྒྱས་པའི་མཛད་པ་ནི། བསམ་གཏན་བདེན་བཞི་རྟེན་འབྲེལ་རིམ་གཟིགས་ནས། ། རྡོ་རྗེ་ལྟ་བུས་མངོན་པར་རྫོགས་བྱང་ ཆུབ། ། ནམ་གྱི་གུང་ལ་བསམ་གཏན་བཞི་པོར་རིམ་གྱིས་སྙོམས་པར་ཞུགས། ལྷའི་སྤྱན་སོགས་མངོན་པར་ཤེས་པས་བདེན་པ་བཞི་དང་། རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་གི་རིམ་པ་ལེགས་པར་གཟིགས་ནས། ནམ་གྱི་ཆ་སྨད་སྐྱ་རེངས་འཆར་ཀ་རྔ་རྡུང་བའི་དུས་སུ་སྐྱེས་བུའི་ཁྱུ་མཆོག་ཁ་ལོ་སྒྱུར་བ་བླ་ན་མེད་པ་དེས་འཕགས་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པས་ཤེས་པར་བྱ་་བ་དང་མངོན་དུ་བྱ་བ་གང་ཅིའང་རུང་། དེ་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རིག་པ་གསུམ་ཐོབ་ཅིང་། སྤང་བྱ་ཕྲ་ཞིང་ཕྲ་བའང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་ནས་ཆོས་ཀུན་གྱི་དབྱིངས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། ། དེའི་ནུབ་མོ་ཁོ་ནར་གྲགས་འཛིན་མ་ལ་སྲས་སྒྲ་གཅན་འཛིན་དང་། བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོའང་བཙས་ཤིང་ཟླ་བ་སྒྲ་གཅན་གྱིས་ཟིན་ཏེ། །དེ་ནས་དེ་བཞིན་གཤེགས་པ་ཤིང་ཏཱ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་འཕགས་ཏེ། ལམ་གྱི་རྒྱུན་ནི་ཆད་དོ་ཞེས་བྱ་བ་ལ་སོགས་པས་ཆེད་དུ་བརྗོད་པར་མཛད། སྟོང་གསུམ་འདིའང་རྣམ་པ་དྲུག་ཏུ་གཡོས་ཤིང་ཕྱོགས་བཅུའི་འདྲེན་པ་རྣམས་ཀྱིས་ལེགས་སོ་གསུངས་ནས་ཆོས་ཀྱི་དགའ་བ་བསྐུར། སྟོང་གསུམ་གྱི་ལྷ་རྣམས་ཀྱིས་མཆོད་ཅིང་བསྟོད་དེ་ཞག་བདུན་དུ་སྐྱིལ་ཀྲུང་མ་བཤིགས་པར་བྱང་ཆུབ་ཀྱི་ཤིང་ལ་གཟིགས་ནས་བསམ་གཏན་གྱི་བདེ་བས་དགྱེས་པར་མཛད། བདུན་ཕྲག་གཉིས་པར་སྟོང་གསུམ་རྒྱང་རིང་དུ་འཆག ། བདུན་ཕྲག་གསུམ་པར་བྱང་ཆུབ་ཀྱི་སྙིང་པོ་ལ་སྤྱན་མི་འཛུམ་པར་གཟིགས། བདུན་ཕྲག་བཞི་པར་ཤར་ནུབ་ཀྱི་རྒྱ་མཚོའི་བར་དུ་མི་རིང་བར་འཆག ། བདུན་ཕྲག་ལྔ་པར་ཀླུ་བཏང་་བཟུང་གི་གནས་སུ་བཞུགས། བདུན་ཕྲག་དྲུག་པ་ལ་དེ་ནས་ཤིང་ནྱ་གྲོ་དྷའི་དྲུང་དུ་བཞུད། བདུན་པའི་ཚེ་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པ་ན་ལྷས་བསྐུལ་ཏེ་ཚོང་པ་ག་གོན་དང་བཟང་པོ་གཉིས་ཀྱིས་བསོད་སྙོམས་ཀྱི་ཐོག་མར་ཕུལ་བ་ལ་རྒྱལ་ཆེན་བཞིས་རྡོའི་ལྷུང་བཟེད་བཞི་ཕུལ་བ་གཅིག་ཏུ་བྱིན་གྱིས་བརླབས་པར་བླངས་ནས་གསོལ་ཏེ། ལྷ་ཡི་བཀྲ་ཤིས་དོན་གྲུབ་ཅིང་། ། སོགས་ཀྱི་བཀྲ་ཤིས་མཛད་ནས་སངས་རྒྱུས་སུ་ལུང་བསྟན་ཏོ། ། ཐེག་པ་ཆེན་པོའི་ལུགས་སུ་འདི་དག་གི་སྐབས་སུ་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་། ཞག་བདུན་ཕྲག་བདུན་གྱི་སྐབས་སུ་སངས་རྒྱས་ཕལ་པོ་ཆེའི་ཆོས་ཀྱི་སྒོ་འབྱེད་པ་སོགས་ཐུན་མོང་མ་ཡིན་པའི་ཚུལ་ཆེས་མང་ངོ་། ། 11. ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི། ཚངས་སོགས་གསོལ་བཏབ་ངེས་དང་མ་ངེས་གནས། ། དྲང་ངེས་ཆོས་ཀྱི་འཁོར་ལོ་རིམ་གསུམ་བསྐོར། ། རྫོགས་པའི་སངས་རྒྱས་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པའི་ཚེ་རང་གིས་བརྙེས་ པའི་ཆོས་ཟབ་མོ་དེ་འཇིག་རྟེན་པ་ཀུན་གྱིས་མི་རྟོགས་པར་དགོངས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ། བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། ། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། ། མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། ། ཞེས་གསུངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་པ་ན། སངས་རྒྱས་ཀྱི་མཐུས་མཐུས་ཚངས་པ་གཙུག་ཕུད་ཅན་འཁོར་འབུམ་ཕྲག་དྲུག་ཅུ་རྩ་བརྒྱུད་ཀྱི་འཁོར་དང་ལྷན་ཅིག་ཏུ་འོངས་ནས་རོངས་ནས་ཆོས་སྟོན་པར་གསོལ་བ་བཏབ་ཀྱང་མ་གནང་བ་ན་བརྒྱ་བྱིན་གྲོགས་སུ་སྦྲན་ཏེ་ལན་གསུམ་དུ་གསོལ་བ་བཏབ་པས་གདུལ་བྱ་རྣམས་ཀྱི་དབང་པོའི་རིམ་པ་ལེགས་པར་གཟིགས་ཏེ་མ་ངེས་པའི་སེམས་ཅན་རྣམས་ལས་བརྩམས་ཏེ་བདུད་རྩིའི་སྒོ་དབྱེ་བར་ཞལ་གྱིས་བཞེས་པ་ན་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་པའི་སྒྲ་ཚངས་རིས་ཀྱི་བར་དུ་གྲགས་སོ། ། དེ་ནས་ཝ་ར་ཎ་སིར་བསོད་སྙོམས་མཛད་ཅིང་དྲུང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་གཤེགས་པའི་ཚེ་ལྔ་སྡེ་བཟང་པོས་མདུན་བསུས་ཏེ་དེ་དག་ཚུར་ཤོག་གིས་དགེ་སློང་གི་དངོས་པོར་གྱུར་ནས་ས་ཕྱོགས་དེར་སེང་གེའི་ཁྲི་ཆེན་པོ་སྟོང་བྱུང་བ་དང་ཁྲི་དང་པོ་གསུམ་ལ་བསྐོར་བ་མཛད་ཅིང་ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཚེ་ཕྱོགས་བཅུའི་འཇིག་རྟེན་ཏུ་སྣང་བ་ཆེན་པོས་ཁྱབ་པ་དང་ཆོས་ཉན་པར་སྐུལ་བའི་སྒྲའང་བྱུང་བ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བས་ཛམྦུ་ཆུ་གསེར་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་པ་ཕུལ་བ་སོགས་བྱང་ཆུབ་སེམས་དཔའ་དང་ལྷ་དཔག་ཏུ་མེད་པ་དག་ཀྱང་འདུས་པ་ལ་ཆུ་སྟོད་ཟླ་བའི་ཚེས་བཞིར་བདེན་པ་བཞིའི་ངོ་བོ་དང་། བྱ་བ་དང་འབྲས་བུའི་ཚུལ་གྱིས་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཆོས་བསྟན་པས་ལྔ་སྡེ་བཟང་པོས་དག་བཅོམ་ཐོབ། འཇིག་རྟེན་ན་དཀོན་མཆོག་གསུམ་གྱི་ཐོག་མ་བྱུང་། དེ་ནས་རིམ་པར་རི་བོ་ག་ཡ་དང་སྤོས་ངད་ལྡང་། རྒྱལ་པོའི་ཁབ། བྱ་རྒོད་ཕུང་པོའི་རི། མཉན་ཡོད་རྒྱལ་བྱེད་ཀྱི་ཚལ། ཀོ་ས་ལ། སེར་སྐྱའི་གཞི། ཡངས་པ་ཅན་གྱི་གྲོང་ཁྱེར་ལ་སོགས་པ་ངེས་པ་དང་། ལྷ་དང་ཀླུའི་གནས། རྡོ་རྗེ་རིན་པོ་ཆེའི་ཁང་པ་སོགས་མ་ངེས་པའི་གནས་ཅི་རིགས་པ་རྣམས་སུ་དྲང་བ་དང་ངེས་པའི་དོན་ལས་བརྩམས་ཏེ་ཐོག་མཐའ་བར་དུ་དགེ་བའི་ཆོས་ཀྱི་འཁོར་ལོ་ཆེན་པོ་རིམ་པ་གསུམ་དུ་བསྐོར། མཆོག་ཟུང་ལ་སོགས་པ་འཁོར་རྣམ་པ་བཞི་བགྲང་བ་ལས་འདས་པ་འབྲས་བུ་རྣམ་པ་བཞི་ལ་བཀོད། ཐེག་པ་ཆེན་པོའི་རིགས་ཅན་གྱི་ལྷ་དང་མི་གྲངས་མེད་པ་བྱུང་ཆུབ་ཏུ་ལུང་བསྟན། མཉན་དུ་ཡོད་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོ་འཕྲུལ་ཆེན་པོ་བསྟན། སུམ་ཅུ་རྩ་གསུམ་དུ་ཡུམ་སྒྱུ་འཕྲུལ་ཆེན་པོའི་ཆེད་དུ་དབྱར་གནས་པར་མཛད་ཅིང་གྲོང་ཁྱེར་གསལ་ལྡན་དུ་ལྷ་ལས་བབས། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་སོགས་པར་འདུལ་བྱ་ཐུན་མོང་མ་ཡིན་པ་རྣམས་ལ་སྔགས་ཀྱི་ཐེག་པ་བསྟན་པ་སོགས་འདུལ་བཞིའི་ཆོ་འཕྲུལ་བསམ་བརྗོད་ཀྱི་ཡུལ་ལས་འདས་ཤིང་། མདོར་ན་དགུང་ལོ་ཉེར་དགུར་ཁབ་ཏུ་བཞུགས། ལོ་དྲུག་ཏུ་དཀའ་བ་སྤྱད། དགུང་ལོ་སོ་ལྔ་པར་སངས་རྒྱས་ནས་དགུང་ལོ་བརྒྱད་ཅུ་ཐམ་པའི་བར་དབྱར་གནས་པ་གཞི་བཅུ་རྩ་ལྔ་མཛད་ནས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་ཏོ། ། 12. མྱ་ངན་ལས་འདས་པའི་མཛད་པ་ནི། མི་གནས་མྱ་ངན་འདས་པའི་ཚུལ་བསྟན་ཅིང་། ། སྐུ་གདུང་འཇིག་རྟེན་ཀུན་ཏུ་རྒྱས་པར་མཛད། ། དེ་ལྟར་མཛད་པ་མཐར་ཕྱིན་པའི་སྐབས་སྐུ་ཚེའི་འདུ་བྱེད་ནི་བཏང་། འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས་ནས་ལྟས་ཆེན་པོ་སྣང་བར་གྱུར་པ་དང་ལྷན་ཅིག་གྲོང་ཁྱེར་ཡངས་པ་ཅན་ལ་སོགས་པར་རིམ་གྱིས་གཤེགས་ཏེ་སླད་མའི་དུས་ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བ་ན། མདོ་སྡེ་དང་མཐུན། འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ན་སྟོན་པའི་བསྟན་པར་ཟུངས་ཤིག་པ་སོགས་གདམས་ནས་མགར་བའི་བུ་ཙུནྡ་ལས་བཤོས་ཀྱི་ཐ་མ་གསོལ་ཏེ་གྲོང་ཁྱེར་རྩྭ་ཅན་དུ་ཤིང་སཱ་ལ་ཟུང་གི་བར་ཐ་མའི་གཟིམས་ཁྲི་ལ་སེང་གེའི་ཉལ་སྟབས་ཀྱིས་བཞུགས་ཏེ་སྣང་བའི་འདུ་ཤེས་དང་། དྲན་པ་དང་ཤེས་བཞིན་གྱི་འདུ་ཤེས་དང་། མྱ་ངན་ལས་འདས་པའི་འདུ་ཤེས་ཐུགས་ལ་མཛད། ཀུན་དགའ་བོ་ལ་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཞི་ཚན་གསུམ་བསྟན་ཅིང་ཞལ་གྱི་གདམས་པ་བསྩལ། དྲི་ཟའི་རྒྱལ་པོ་རབ་དགའ་དང་ཀུན་ཏུ་རྒྱུ་རབ་བཟང་སོགས་བཏུལ། ཟླ་བ་ཕྱེད་ཕྱེད་དུ་སོ་སོར་ཐར་པའི་མདོ་འདོན་པས་སྟོན་པའི་མཛད་པ་སོགས་གདམས་ནས་ལུགས་འབྱུང་དང་ལུགས་ལྡོག་གི་བསམ་གཏན་ལ་སྙོམས་པར་ཞུགས་ནས། སླར་བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ནས་ཞི་བ་མི་གཡོ་བའི་སྤྱན་དང་ལྡན་པ་བརྙེས་ཏེ་མི་གནས་པའི་དབྱིངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན། ཞག་བདུན་དུ་ལྷ་དང་མིའི་མཆོད་པ་རྒྱ་ཆེན་པོས་མཆོད་ཅིང་སྐུ་གདུང་རྒྱུད་ཀྱིས་དབུ་རྒྱུན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་སྤྱན་དྲངས་ཏེ་སའི་སྟེང་དུ་ཟླ་མེད་པའི་ཉན་ཐོས་ཆེན་པོ་བཞི་ལ་སོགས་པས་མཆོད་ཅིང་མེ་རང་འབར་དུ་གྱུར་པས་གདུང་རྣམས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་གྱི་ཕུང་པོར་གྱུར་པ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་དང་། ཡངས་པ་ཅན་གྱི་ལི་ཙྪ་བཱི་ལ་སོགས་པ་རྣམས་ཀྱིས་ཆ་བརྒྱུད་དུ་བགོས་ཏེ་སོ་སོའི་ཡུལ་དུ་མཆོད་རྟེན་བརྩིགས་ཤིང་དུས་སྟོན་ཆེན་པོར་བཙུགས་ནས་མཆོད་པ་རྒྱ་ཆེན་པོས་མཆོད། – ཚེམས་མཆེ་བ་བཞི་པོ་སུམ་ཅུ་རྩ་གསུམ་པ་དང་། གྲོང་ཁྱེར་སྒྲ་སྒྲོགས་ཀླུའི་རྒྱལ་པོ་སོགས་ཀྱིས་སོ་སོར་ཐོབ་ནས་མཆོད། མ་སྐྱེས་དགྲའི་གདུང་སྐལ་རྣམས་ཕྱིས་ཆོས་རྒྱལ་མྱ་ངན་མེད་ཀྱིས་བླངས་ཏེ་ཛམྦུའི་གླིང་དུ་མཆོད་རྟེན་བྱེ་བ་ནུབ་གཅིག་ལ་བཞེངས་པ་དང་། མ་འོངས་པ་ན་དེ་དག་ནོར་བུ་ཏོག་གི་བློ་གྲོས་སུ་གྱུར་ནས་དོན་མཛད་པ་སོགས་མདོར་ན་སྐུ་གདུང་ཡང་འཇིག་རྟེན་ཀུན་ཏུ་རྒྱས་ཤིང་འཕེལ་བས་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་མཛད་དོ། ། |
Tibetan Source | 《ཤེས་བྱ་ཀུན་ཁྱབ་》དེབ་སྟོད་ཆ་ཤ་301.20ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |