10086

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྟེན་འབྲེལ་ཡན་ལག་བཅུ་གཉིས།
Tibetan Alternate
Tibetan Definition ཁག་གཉིས་པ།

དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པོར་ཤེས་པའི་རྐྱེན་ཀྱིས་མིང་དང་། གཟུགས། མིང་དང་། གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རིག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། ། མ་རིག་པ་འགགས་པས་འདུ་བྱེད་འགག འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག རྣམ་པར་ཤེས་པ་འགགས་པས་མིང་དང་། གཟུགས་འགག ། མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག རེག་པ་འགགས་པས་ཚོར་བ་འགག ཚོར་བ་འགགས་པས་སྲེད་པ་འགག་སྲེད་པ་འགགས་པས་ལེན་པ་འགག ལེན་པ་འགགས་པས་སྲིད་པ་འགག སྲིད་པ་འགགས་པས་སྐྱེ་བ་འགག་སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར་རོ། ། དེ་ལས། 1. མ་རིག་པ་ནི། སྔོན་གྱི་མཐའ་མི་ཤེས་པ་དང་། ཕྱི་མའི་མཐའ་མི་ཤེས་པ་དང་། སྔོན་དང་། ཕྱི་མའི་མཐའ་མི་ཤེས་པ་དང་། ནང་མི་ཤེས་པ་དང་། ཕྱི་མི་ཤེས་པ་དང་། ནང་དང་། ཕྱི་མི་ཤེས་པ་དང་། ལས་མི་ཤེས་པ་དང་། རྣམ་པར་སྨིན་པ་མི་ཤེས་པ་དང་། ལས་དང་། རྣམ་པར་སྨིན་པ་མི་ཤེས་པ་དང་། ལེགས་པར་བྱས་པའི་ལས་མི་ཤེས་པ་དང་། ཉེས་པར་བྱས་པའི་ལས་མི་ཤེས་པ་དང་། ལེགས་པར་བྱས་པ་དང་། ཉེས་པར་བྱས་པའི་ལས་མི་ཤེས་པ་དང་། རྒྱུ་མི་ཤེས་པ་དང་། འབྲས་བུ་མི་ཤེས་པ་དང་། རྒྱུ་དང་། འབྲས་བུ་མི་ཤེས་པ་དང་། རྒྱུ་ལས་བྱུང་བའི་ཆོས་རྣམས་མི་ཤེས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ རྣམས་མི་ཤེས་པ་དང་། སངས་རྒྱས་མི་ཤེས་པ་དང་། ཆོས་ མི་ཤེས་པ་དང་། དགེ་འདུན་མི་ཤེས་པ་དང་། སྡུག་བསྔལ་མི་ཤེས་པ་དང་། ཀུན་འབྱུང་བ་མི་ཤེས་པ་དང་། འགོག་པ་མི་ཤེས་པ་དང་། ལམ་མི་ཤེས་པ་དང་། དགེ་བ་དང་། མི་དགེ་བའི་ཆོས་རྣམས་མི་ཤེས་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན་པའི་ཆོས་རྣམས་མི་ཤེས་པ་དང་། རེག་པའི་སྐྱེ་མཆེད་དྲུག་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་དང་། མི་མཐོང་བ་དང་། ཁོང་དུ་མི་ཆུད་པ་དང་། མངོན་པར་མི་རྟོག་པ་དང་། མུན་པ་དང་།། ཀུན་ཏུ་རྨོངས་པ་དང་། མ་རིག་པའི་མུན་པ་སྟེ། འདི་ནི་མ་རིག་པ་ཞེས་བྱའོ། ། 2. མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ། འདུ་བྱེད་རྣམས་ནི། དེ་ལ་གསུམ་སྟེ། (1) ལུས་ཀྱི་འདུ་བྱེད་ནི། དབུགས་རྔུབ་པ་དང་། འབྱུང་བ་སྟེ། ལུས་འདི་ནི་ལུས་ལས་བྱུང་བ། ལུས་ལ་རྟེན་པ། ལུས་དང་འབྲེལ་བ། ལུས་ལ་འབེབས་པ། འཇུག་པ་སྟེ། དེའི་ཕྱིར་དབུགས་རྔུབ་པ་དང་། འབྱུང་བ་དག་ལུས་ཀྱི་འདུ་བྱེད་རྣམས་ཞེས་བྱའོ། ། (2) ངག་གི་འདུ་བྱེད་རྣམས་ནི། རྣམ་པར་བརྟགས། རྣམ་པར་དཔྱད་ནས་ཚིག་སྨྲ་ཡི། རྣམ་པར་མ་བརྟགས་པར་མ་ཡིན། རྣམ་པར་མ་དཔྱད་པ་མ་ཡིན་ཏེ། དེའི་ཕྱིར་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ནི་དག་གི་འདུ་བྱེད་ཅེས་བྱའོ། ། (3) ཡིད་ཀྱི་འདུ་བྱེད་རྣམས་ནི། ཆགས་པའི་སེམས་པ་གང་ཡིན་པ་དང་། ཞེ་སྡང་གི་སེམས་པ་གང་ཡིན་པ་དང་། གཏི་མུག་གི་སེམས་པ་གང་ཡིན་པ་སྟེ། ཆོས་དེ་ནི་སེམས་ལས་བྱུང་བ། སེམས་ལ་རྟེན་པ། སེམས་དང་འབྲེལ་བ། སེམས་ལ་བརྟེན་ནས་འཇུག་པས་དེའི་ཕྱིར་སེམས་པ་ནི་ཡིད་ཀྱི་འདུ་བྱེད་ཅེས་བྱ་སྟེ། འདི་དག་ནི་འདུ་བྱེད་རྣམས་ཞེས་བྱའོ། ། 3. འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ། རྣམ་པར་ཤེས་པ་ནི་ཚོགས་དྲུག་སྟེ། (1)མིག་གི་རྣམ་པར་ཤེས་པ་དང་། (2)རྣ་བའི་རྣམ་པར་ཤེས་པ་དང་། (3) སྣའི་རྣམ་པར་ཤེས་པ་དང་། (4)ལྕེའི་རྣམ་པར་ཤེས་པ་དང་། (5)ལུས་ཀྱི་རྣམ་པར་ཤེས་པ་དང་། (6)ཡིད་ཀྱི་རྣམ་པར་ཤེས་པ་བཅས་སོ། ། 4. རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་། གཟུགས་ཞེས་བྱ་བ་དེ་ལ། མིང་དང་། གཟུགས་ཏེ། མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ། (1)ཚོར་བ་དང་། (2)འདུ་ཤེས་དང་།། (3)འདུ་བྱེད་དང་། (4)རྣམ་པར་ཤེས་པ་སྟེ། འདི་ནི་མིང་ངོ་། གཟུགས་ནི། གཟུགས་གང་ཅིའང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་པོ་དག་སྟེ། (1) སའི་ཁམས་ནི། གང་ལྕི་བ་དང་། སྲ་བ་དང་། རྩུབ་པའོ། ། (2)ཆུའི་ཁམས་ནི། གང་གཤེར་བ་དང་། རླན་པའོ། ། (3)མེའི་ཁམས་ནི། གང་ཚ་བ་དང་། ཡོངས་སུ་སྨིན་པརབྱེད་པའོ། ། (4)རླུང་གི་ཁམས་ནི། གང་བསྐུམ་པ་དང་། སློང་བ་དང་། ཡང་ཞིང་གཡོ་བའོ། ། གཟུགས་འདི་དང་། སྔ་མའི་མིང་གཉིས་གཅིག་ཏུ་བསྡུས་ཏེ་མིང་དང་། གཟུགས་ཞེས་བྱའོ། ། 5. མིང་དང་། གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱ་བ་ལ། སྐྱེ་མཆེད་དྲུག་ནི། (1)མིག་གི་སྐྱེ་མཆེད། (2)རྣ་བའི་སྐྱེ་མཆེད། (3)སྣའི་སྐྱེ་མཆེད། (4)ལྕེའི་སྐྱེ་མཆེད། (5)ལུས་ཀྱི་སྐྱེ་མཆེད། (6)ཡིད་ཀྱི་སྐྱེ་མཆེད་བཅས་སོ། ། 6. སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་བ་ལ། རེག་པ་ནི་ཚོགས་དྲུག་སྟེ། (1)མིག་གི་འདུས་ཏེ་རེག་པ། (2)རྣ་བ། (3) སྣ། (4)ལྕེ། (5) ལུས། (6) ཡིད་ཀྱི་འདུས་ཏེ་རེག་པའོ། ། 7. རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བ་ལ། ཚོར་བ་ནི་ཚོགས་དྲུག་སྟེ། (1)མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ།། (2)སྡུག་བསྔལ་བ། (3) སྡུག་བསྔལ་ཡང་མ་ཡིན་བདེ་བའང་མ་ཡིན་པ། (4)དེ་བཞིན་དུ་རྣ་བ་དང་། (5)སྣ་དང་། ལྕེ་དང་། ལུས་དང་། (6)ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་པ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བའང་མ་ཡིན་པའོ། ། 8. ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ལ། སྲེད་པ་ནི་ཚོགས་དྲུག་སྟེ། (1)གཟུགས་ལ་སྲེད་པ་དང་། (2)སྒྲ་ལ་སྲེད་པ་དང་། (3)དྲི་ལ་སྲེད་པ་དང་།། (4)རོ་ལ་སྲེད་པ་དང་། (5)རེག་བྱ་ལ་སྲེད་པ་དང་། (6)ཆོས་ལ་སྲེད་པའོ། 9. སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱ་བ་ལ། ལེན་པ་ནི་བཞི་སྟེ། (1)འདོད་པའི་ལན་པ། (2)ལྟ་བའི་ལེན་པ། (3)ཚུལ་ཁྲིམས་བརྟུལ་ཞུགས་ཀྱི་ལེན་པ། (4)བདག་ཏུ་སྨྲ་བའི་ལེན་པའོ། ། 10. ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ་ལ། སྲིད་པ་ནི་གསུམ་མོ། (1)དེ་ལ་འདོད་པའི་སྲིད་པ་གང་ཞེ་ན། འོག་གི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ནས་ཉེ་བར་བཟུང་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་བར་འདི་ནི་འདོད་པའི་སྲིད་པ་ཞེས་བྱའོ། ། (2)གཟུགས་ཀྱི་སྲིད་པ་གང་ཞེ་ན། ཚངས་རིགས་ཀྱི་ལྷ་རྣམས་ནས་ཉེ་བར་བཟུང་སྟེ་འོག་མིན་གྱི་ལྷ་རྣམས་ཀྱི་བར་འདི་ནི་གཟུགས་ཀྱི་སྲིད་པ་ཞེས་བྱའོ། ། (3)གཟུགས་མེད་པའི་སྲིད་པ་གང་ཞེ་ན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ནས་ཉེ་བར་བཟུང་ སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་བར་འདི་ནི་གཟུགས་མེད་པའི་སྲིད་པ་ཞེས་བྱའོ། ། 11. སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་ལ། སྐྱེ་བ་ནི། གང་སེམས་ཅན་དེ་དང་། དེ་དག་སེམས་ཅན་གྱི་རིས་དེ་དང་། དེ་དག་ཏུ་སྐྱེ་བ་དང་། འཇུག་པ་དང་།། རྫོགས་པར་སྐྱེ་བ་དང་། མངོན་པར་འགྲུབ་པ་དང་། ཕུང་པོ་རྣམས་འབྱུང་བ་དང་། སྐྱེ་མཆེད་རྣམས་རབ་ཏུ་ཐོབ་པ་དང་། སྲོག་གི་དབང་པོ་འབྱུང་བ་དང་། རིས་མཐུན་པ་དང་ཕྲད་པ་སྟེ། འདི་ནི་སྐྱེ་བ་ཞེས་བྱའོ། ། 12. སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ལ། རྒ་བ་ནི། སྤྱི་ཅེར་བ་དང་། སྐུ་སྐྱ་བ་དང་། གཉེར་མ་མང་བ་དང་། འཁོགས་པ་དང་། ཞོམ་པ་དང་། སྒུར་ཏེ། གདུང་རྟེན་ལྟར་དགུ་བ་དང་། སྒྲ་ངར་ངར་པོར་གྱུར་ཅིང་དབུགས་རྒྱུ་བའི་ལུས་སུ་གྱུར་པ་དང་། ལུས་སྨེ་བ་ལྟ་བུས་གང་བ་དང་། ལུས་མདུན་དུ་དགུ་བ་དང་། འཁར་བ་ལ་རྟེན་པ་དང་། དབང་པོ་རྣམས་ཡོངས་སུ་སྨིན་པ་དང་། ཡོངས་སུ་ཞིག་པ་དང་། འདུ་བྱེད་རྣམས་རྙིངས་པ་དང་། ཤིག་ཤིག་པོར་གྱུར་བ་དང་། བློང་བ་དང་། ཞན་པ་དང་། ཉམས་པ་དང་། ཡོངས་སུ་ཉམས་པ་སྟེ། འདི་ནི་རྒ་བ་ཞེས་བྱའོ། ། འཆི་བ་གང་ཞེ་ན། གང་སེམས་ཅན་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེ་དག་ནས་འཆི་བ་དང་། འཕོ་བ་དང་། ཞིག་པ་དང་། མི་རྟག་པར་འགྱུར་བ་དང་། འཆི་བའི་དུས་བྱེད་པ་དང་། ཚེ་ཉམས་པ་དང་། དྲོད་ཉམས་པ་དང་། སྲོག་གི་དབང་པོ་འགགས་པ་དང་། ཕུང་པོ་རྣམས་འདོར་བ་འདི་ནི་འཆི་བ་ཞེས་བྱ་སྟེ། འཆི་བ་འདི་དང་སྔ་མའི་རྒ་བ་དེ་གཉིས་གཅིག་ཏུ་བསྡུས་ནས་རྒ་ཤི་ཞེས་བྱ་སྟེ། དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཞེས་བྱའོ། །

Tibetan Source 《མདོ་ལ་པ་》ཤ་264བ་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number