10177
Tibetan | རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བར་འགྱུར་བའི་གང་ཟག་དང་། ། སེམས་བཅུ་གཉིས། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བ་ལྟར་ན་ཁག་གཉིས་སྟེ། ཆོས་བཅུ་གཉིས་དང་ལྡན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བར་འགྱུར་བའི་གང་ཟག་བཅུ་གཉིས་ནི།
1. རང་བཞིན་གྱིས་རྒྱ་ཆེན་པོ་མོས་ཤིང་དམན་པ་ལ་མོས་པ་མེད་པ་ཡིན། 2. རང་བཞིན་གྱིས་སྙིང་རྗེའི་སྤྱོད་ཡུལ་དང་ལྡན་ཞིང་དཀར་པོའི་རང་བཞིན་ཅན་ཡིན། 3. བཅོས་མ་མ་ཡིན་པའི་ལྷག་པའི་བསམ་པའི་སྤྱོད་ཡུལ་དང་ལྡན་ཞིང་ཡི་དམ་ལ་བརྟན་པ་ཡིན། 4. ཚོགས་ཤིན་ཏུ་བསགས་ཤིང་སྤྱད་པ་ལེགས་པར་སྤྱད་པ་ཡིན། 5. སངས་རྒྱས་འབྱུང་བ་ལེགས་པར་བསྙེན་བཀུར་ཞིང་དཀར་པོའི་ཆོས་ལེགས་པར་ཡོངས་སུ་བསྡུས་པ་ཡིན། 6. ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཁ་ན་མ་ཐོ་བ་མེད་པ་དང་ལྡན་ཞིང་སྡིག་པའི་ལས་ཐམས་ཅད་བོར་བ་ཡིན། 7. སྡིག་པའི་གྲོགས་པོ་ཐམས་ཅད་ཡོངས་སུ་སྤངས་ཤིང་དགེ་བའི་བཤེས་གཉེན་ལ་བརྟེན་པ་ཡིན། 8. ཇི་ལྟར་སྨྲས་པ་དེ་བཞིན་དུ་བྱེད་ཅིང་སླུ་བ་མེད་པ་ཡིན། 9. བགེད་པའི་ངང་ཚུལ་ཅན་ཡིན་ཞིང་རོ་བྲོ་བ་རྣམས་ལ་མ་ཞེན་མ་ཆགས་པ་མང་བ་ཡིན། 10. དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་ཤིང་བདུད་ཀྱི་བྱིན་གྱི་རླབས་དང་བྲལ་བ་ཡིན། 11. སེམས་ཅན་ཐམས་ཅད་ལ་ཡང་དང་ཡང་སྙིང་རྗེ་ཆེན་པོ་ཡང་དག་པར་འཇུག་པ་ཡིན། 12. བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་མ་ཆགས་པའི་སེམས་དང་ལྡན་པ་ཡིན་པ་བཅས་སོ། ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བ་བཅུ་གཉིས་ནི། 1. སེམས་ཅན་ཐམས་ཅད་བདེ་བར་བྱ་བའི་ཕྱིར་ཕན་པའི་སེམས་སོ། ། 2. སྡིག་པ་ཐམས་ཅད་མི་བྱེད་པའི་ཕྱིར་སྙིང་རྗེའི་སེམས་སོ། ། 3. སེམས་ཅན་ཐམས་ཅད་ཀྱི་ཁུར་བསྐུར་བའི་ཕྱིར་སྙིང་རྗེ་ཆེན་པོའི་སེམས་སོ། ། 4. ངན་འགྲོ་ཐམས་ཅད་རབ་ཏུ་སིམ་པར་བྱེད་པའི་ཕྱིར་བྱམས་པ་ཆེན་པོའི་སེམས་སོ། ། 5. ཐེག་པ་གཞན་མི་འདོད་པའི་ཕྱིར་དག་པའི་སེམས་སོ། ། 6. ཉོན་མོངས་པའི་རྟོག་པ་སེལ་བའི་ཕྱིར་ཉོན་མོངས་པ་མེད་པའི་སེམས་སོ། ། 7. རང་བཞིན་གྱིས་འོད་གསལ་བའི་ཕྱིར་འོད་གསལ་བའི་སེམས་སོ། ། 8. རྫས་མེད་པའི་ཕྱིར་སྒྱུ་མ་ལྟ་བུའི་སེམས་སོ། ། 9. དངོས་པོ་དང་བྲལ་བའི་ཕྱིར་དངོས་པོ་མེད་པའི་སེམས་སོ། ། 10. མི་སྒུལ་བའི་ཕྱིར་བརྟན་པའི་སེམས་སོ། ། 11. ཆོས་ཐམས་ཅད་ངེས་པར་རྟོག་པའི་ཕྱིར་ཕྱིར་མི་ལྡོག་པའི་སེམས་སོ། ། 12. ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པའི་ཕྱིར་སེམས་ཅན་ཐམས་ཅད་སྒྲོལ་བའི་སེམས་བཅས་སོ། ། |
Tibetan Source | 《མདོ་ད་པ་》ཤ་65བ་2ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |